[A:༦༦༦]བསྩལ་ཏེ་གཞིས་རྩེར་ཕེབས།
དེ་ནས་དབྱུག་ཟླའི་ཚེས་དགུ་ལ་རྗེ་ཉིད་ཀྱང་ཆིབས་བསྒྲུར་ཏེ་གཞིས་རྩེར་ཕེབས་པར་རྒྱལ་བ་ཡབ་སྲས་མི་དབང་ཆེན་པོ་བཅས་ནས་སྔར་སྲོལ་བཞིན་གྱི་བསྐུར་བཟོ་བཀའ་དྲིན་བསྐྱངས། འོན་ཀྱང་རྒྱུན་གཏན་སྐུ་གཅོང་ཆེ་ཁར་སྐུ་གྲིབ་ལ་ཉན་བླང་བག་གེའི་བསྙུན་བཞེས་ཚུལ་གྱི་སྐུ་ཉམས་ཞན་ཅིང་ཕེབས་མི་ཐུབ་པ་ཙམ་བྱུང་ཡང་ཐུགས་རུས་ཀྱི་མཆོད་ཡོན་མཇལ་ཞུར་ཕེབས་པས་མཇལ་དར་རྩེ་སྤྲོད་བཞུགས་ཁྲི་སོགས་རྣམ་གཞག་བཟང་པོ་སྔར་སྲོལ་བཞིིན་གྱི་དབུ་འཕངས་བསྟོད་པར་མཛད། ཕན་ཚུན་འབུལ་གནང་ནམ་མཁའ་མཛོད་སྒོ་ཕྱེ་ཞིང་ཁྱད་པར་གོང་ས་མཆོག་ནས་མགར་ཐར་ནས་ཡར་ཕེབས་སྐུ་འཁྱོས་སུ་སྒོ་རུམ་ནང་སོ་སྐྱེད་ལྷས་བསམ་བརླིང་སོགས་མགོན་ཁང་ཁ་ཤས་སུ་སྔར་མ་མཐོང་བའི་ནང་མཛོད་སྒྲོན་དར་སྣ་ལྔ་ཁྱད་མཚར། ཤེལ་དཔྱད་ཁྱད་འཕགས་དུ་མ། ལྗོན་ཇ་སྤུས་ལེགས་ཕོན་ཆེ་བ་སོགས་བསྩལ་ཞིང་གཞན་གྱི་གསོལ་སྟོན་རིང་སྐུ་མདུན་དུ་བཞུགས་པར་གསོལ་ཟས་བསོད་པ་དུ་མས་བསྙེན་བཀུར་ཆེ་སྐབས་སྐུ་འཁྲིས་ན་དགེ་ལུགས་བླ་མ་ཁམ་ཆེན་ཞིག་བཞུགས་པ་དེས་རྗེ་འདི་ཉིད་ལ་ན་བཟའ་བཅོ་བ་སོགས་ཐུགས་ཉེ་དཔེ་མེད་མཛད་དེ་གསོལ་སྟོན་གྲོལ། བར་སྐབས་ཤིག་ཏུ་ཀླུ་སྡིངས་ས་སུ་མི་དབང་ཡབ་སྲས་མཇལ་བར་ཕེབས་པས་དཀར་སྤྲོའི་ཐོག་