[A:༦༦༧]འབུལ་བ་རྒྱ་ཆེར་གནང་ཞིང་གསུང་འཕྲོས་ཅི་རིས་མཐར་བཀའ་སྒོ་སྐྱབས་འཇུག་ཞུ་བར་མཛད་པ་སོགས་གུས་འདུད་བཀའ་དྲིན་བསྐྱངས། ཞབས་ཕྱི་བྱིངས་ལ་དབུ་གུར་ཕྱིར་ཤུར་ཕྱག མཆོད་ཡོན་ནས་ཕེབས་ཕྱག་ཀྱང་ཟབ་པར་སྩལ། པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་ཕྱག་སྐབས་ཀྱང་བདག་རྒྱན་རྩིས་ཆེན་བཀའ་དྲིན་ཆེ་ཞིང་གསོལརས་གྱ་ནོམ་གནང་། ཕྱིས་སུ་རྗེ་ཉིད་ཀྱི་བཀའ་ལས་ཁོ་བོ་གཞིས་རྩེར་ན་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་བས་བདེར་སོང་ཞེས་གསུང་དངོས་ལས་ཐོས་གཞིས་རྫོང་སྤྲེལ་པོ་སོགས་མཇལ་ཞུ་བ་དང་ཤུར་ཕྱག་ཞུ་མི་གྲངས་མེད་བྱུང་། ཐར་རྩེ་རྡོ་རྗེ་འཆང་དང་རྩེ་གདོང་སྤྲུལ་པའི་སྐུ་ཡང་ཕེབས་པར་ཐར་རྩེ་རྗེའི་གསུངས་ལས་རྗེ་འདི་མཆོད་ཡོན་མཇལ་ཞུར་སྐུ་ཉམས་ཞན་པོས་ཕེབས་པ་གཟིགས་པས་སྤྱན་ཆབ་དབང་མེད་ཤོར་བྱུང་ཕེབས་ཤིང་དེ་དུས་ཀྱང་ཚེ་དབང་བྱབས་ཁྲུས་སོགས་འབུལ་བར་མཛད།
དེ་དང་དུས་མཚུངས་དབུས་ནས་ཆོས་སྐྱོང་ཞིག་གི་ལུང་ལ་དབྱུག་ཟླའི་ཚེས་བཅོ་ལྔར་དགེ་བཤེས་ལ་སྐུ་དོག་ཡོད་པས་སྐུ་རིམ་ཟབ་དགོས་ཞེས་ཕུལ་བ་དང་མ་ལགས་དེར་གློ་བུར་སྤྱན་ལ་ཤ་འཛེར་བྱུང་བར་གནས་སློབ་བཟོད་པ་བཀྲ་ཤིས་ནས་བསེ་མགོན་ཆེན་པོར་ཁྲུས་གསོལ་དུ་བྱོན་པས་ཞལ་འབག་ཡོངས་རྫོགས་དར་