R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༦
[A:༦༦]རིགས་གཏད་དུ་མ། འོག་ནས་བྱུང་བའི་ཁྲིད་བཀའ་རྣམས་དང། ཕྲེང་བ་སྐོར་གསུམ། བཀའ་གདམས་གླེགས་བམ། རིན་སྤུངས་སྐོར་གསུམ། ས་སྐྱ་བཀའ་འབུམ། ངོར་ཆེན། མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། གློ་བོ་མཁན་ཆེན། ས་ལོ། པཎ་ཆེན་ཉིད་ཀྱི་བཀའ་འབུམ་སོགས་ལུང་གི་རིགས་དུ་མ་སྟེ་ཞིབ་པ་གསན་ཡིག་རིན་ཆེན་ཕྲེང་མཛེས་སུ་གསུངས་པ་ལྟར་རོ། ། ཆུ་སྦྲུལ་ལོའི་དཔྱིད་ཀ་པཎྜི་ཏ་སྙིང་རྗེ་བཟང་པོ་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གྱི་སློབ་དཔོན་དང་ཉིད་ཀྱི་ཞབས་འབྲིང་པའི་གཙོ་བོར་བསྐོ་བཞག་མཛད་དེ་སྐུ་ཡོན་ཞབས་བསྐུལ་དབུ་བླ་རྣམས་ལ་ཆོས་གསན་པ། ཕྲལ་གྱི་མཛད་པ་རྣམས་ལ་སྤྱན་ལྟོས་བཟང་པོ་འབུལ་བ་སོགས་ཞབས་ཏོག་ཚུལ་བཞིན་མཛད་ཅིང། དཔོན་སློབ་གཉིས་ཀ་ཐུགས་ཞི་དུལ་ཆེ་བས་ཐུགས་ཡིད་གཅིག་འདྲེས་ཀྱི་ཐུགས་མཐོང་ཆེ་ཞིང། རྗེ་ཉིད་ཀྱི་གསུང་ལས། སྙིང་རྗེ་བཟང་པོ་འདིར་ཕེབས་ཙམ་གྱི་དུས་བཞུགས་གྲལ་ཉུང་ངུ་ཞིག་ལ་བཙུན་པ་འགའ་ཞིག་ཆང་ལ་འཛེམ་གྱིན་འདུག་པ་ན། འཛེམ་མི་དགོས་འཐུང་པས་ཆོག་བྱས་པས། བཞུགས་གྲལ་གྲོལ་ཕྲལ་སྙིང་རྗེ་བཟང་པོས་མ་ཐུངས་གསུངས་པ་ཕར་ཞོག་འཐུང་གསུང་མཁན་བྱུང་དོགས་མེད་གསུང་བྱུང་བས་ངེད་ཤིན་ཏུ་འཇིགས་པ་བྱུང་གསུངས་ཤིང། དབུ་བླ་ཞིག་དང་མཉམ་པའི་ཐུགས་མཐོང་མཛད་ནས་ཕྱག་ཐལ་མོ་