[A:༦༧༣]དཔོན་མོ་མནྡ་ར་བ་སྲས་བཅས་ཀྱི་མི་སྣ་སེར་སྐྱ་སོགས་བཞི་བཅུ་བརྒལ་ཙམ་འབྱོར་གདོང་དཔོན་ཁག་གི་མཇལ་རྟེན་འབུལ་སྐྱེས་འབྱོར་བས་དཔོན་གཡོག་ཚང་མའི་འབུལ་རྟེན་སྡོམ་དངུལ་སྲང་ཆིག་སྟོང་ཉིས་བརྒྱ། སྲང་སུམ་བཅུ་རེ་ཡོད་པའི་མཎྜལ་ཆ། བཟང་གོས་ཡུག་སོ་བདུན། དབུ་བརྙེལ། བཞུགས་སྟན་སྤུས་ལེགས་སོགས་འབུལ་ཆེན་བཏབ་ཅིང་། མཆོད་ཁང་སོ་སོར་ཡང་གསེར་གསོལ། སྙན་ཤལ། མཆོད་འབུལ། འདུས་ཚོགས་ལ་མང་ཇ་དངུལ་འགྱེད་བཅས་འབུལ་མི་སྦྱིན་བདག་རྣམས་ལ་ཚེ་དབང་ལྷ་དགུའི་མཚོན་རང་རང་གི་འདོད་ཆོས། སྟོན་མོ་ཟུར་གསོས་དང་མཇལ་སློག་གྱ་ནོམ། བླ་དཔོན་སོ་སོ་བཀའ་ལན་སོགས་ཟབ་པར་བསྩལ་ཞིང་མི་ཕྱེད་པའི་དད་པ་ལ་བཀོད།
གོང་གི་འོད་དཔག་མེད་གཙོ་འཁོར་གསུམ་ཆུ་སྟོད་ཟླ་ནང་གྲུབ་པར་རིང་བསྲེལ་རྣམ་བཞིའི་སྐུ་ནང་ཕྱུར་བུར་བལྟམས་ཏེ་རྗེ་ཉིད་ནས་རབ་གནས་བརྒྱ་ཚར་ལྷག་ཙམ་མཛད། ཚེ་དཔག་ལྷ་དགུའི་སྐུ་རྣམས་དབྱུག་ཟླའི་ནང་གྲུབ་པར་ཡང་རིང་བསྲེལ་རྣམ་བཞིས་བཀང་སྟེ་སྐུ་དེ་རྣམས་བཞི་ཐོག་དབང་ཁང་ཕུར་བཞུགས་པར་ནུབ་རྒྱུད་སྒོ་སྒྲིགས་རྣམས་བསལ་ནས་སྨིན་ཟླའི་བཅུ་བཞི་གཟའ་སྐར་ལེགས་འཛོམས་ཉིན་དབང་ཁང་མདོའི་ཐེག་ཆེན་རིན་པོ་ཆེའི་བཞུགས་ཁྲི་རྒྱ་བཟོ་མར་རྗེ་ཉིད་བཞུགས་པར་རྡོ་རྗེ་འཛིན