[A:༦༨༠]མཆོད་བརྒྱ་མཆོད་སྙན་ཤལ་བཟང་ཞིང་གྱ་ནོམ་སྒོ་ནས་ཕན་ཚུན་ཐུགས་ཀྱི་རེ་བ་འགྲན་པ་བཞིན་བཀང་སྟེ་ཕྱིར་ཕེབས་ཉེ་བ་ན་གསོལ་སྟོན་ལེགས་བཤད་སོགས་ཀྱི་ཐོག་ཕེབས་ཕྱག་དངོས་གནང་དུ་འབུལ་ཚན་བཟང་པོ་བཅུ་དྲུག་ཞབས་ཕྱི་རབ་འབྲིང་མཐའ་གསུམ་ལ་སོ་སོའི་བབ་སྦྱར་གསོལ་རེས། ཆིབས་དྲེལ་བརྒྱ་དྲུག་ཅུ་སྐོར་ལག་དོ་བཅུ་སོགས་ལ་ཟླ་ལྔ་ཞག་ཉི་ཤུའི་ཆས་ཀ་ཆག་ཆུ་འདུར་རྩྭ་ཟན་ངོར་བར་ཆིབས་དྲེལ་སྐྱེལ་མ་གང་དགོས་བཅས་ལུགས་ཟུང་དང་འབྲེལ་བའི་བཀའ་དྲིན་ཚད་མེད་དངོས་བརྒྱུད་དུ་འབུལ་བར་མཛད་པས་ཐུགས་བཞེད་ཡོངས་སུ་གང་སྟེ། སླར་ཡང་སྐུ་ཁམས་བཟང་པོར་ཞུ་རྟེན་རབ་དཀར་ལྷ་གོས་རྩེར་སོན་གསེར་ཞོ་ལྔ་བཅུ་ཆིབས་དྲེལ་རེ་རེ་སོགས་ཁྱོན་རྣམ་གྲངས་ལྔ་འབུལ་གནང་གྱི་སྐྱབས་འཇུག་ཞུ་བར་མཛད་པ་བཞིན་བཀའ་བཞེས་བཟང་པོ་བསྩལ་ཏེ་ཆིབས་སྐྱེལ་ཐབ་སྐྱེལ་གྱི་རྣམ་གཞག་བཅས་ཕེབས་ཏེ་འདི་ནས་ངོར་སོགས་བརྒྱུད་ཐུགས་བྲེལ་རྣམས་ཡོངས་རྫོགས་མཐར་ཕྱིན་གྱི་ས་དབང་ཉིད་ཀྱི་རྒྱལ་ཁབ་ག་ལ་བར་གེགས་མེད་ཕུན་ཚོགས་སུ་ཕེབས་སོ། །
དེ་ནས་རི་འགྲོས་སྟབས་ཕོ་བྲང་བཞི་ཐོག་སྤྱིར་ཉན་ཞིང་ཁྱད་པར་ཤར་བརྒྱུད་ཤིན་ཏུ་གོག་ཟོམ་མཛེས་བརླིང་ཡོང་རེའི་ཕྱག་གཉེར་སོགས་ནས་ཞིག་གསོ་སྙན་གསན་ཕུལ་བ་བཞིན་བཀའ་