R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༢
[A:༦༨༢]ཡོད་བཅས་ལྷན་དུ་བཞུགས་པར་གོང་བཞུགས་རྣམས་དང་གཞན་ནས་ནང་ཟུར་སྡོད་ལ་ཞལ་དྲོ་དངོས་པོ་བསྟབས། འོན་ཀྱང་སྔ་དགོངས་མ་གཏོགས་ཉིན་བར་ཡབ་ཡུམ་སྐུ་མདུན་ལ་བཅར་ཆོག་ཡོད་ཅིང་། ནང་ཟུར་སྡོད་ཀྱི་འབྲས་བུ་འདི་ཡིན་རང་ནི་མ་བྱུང་། ཁྲི་སྟོན་རན་པ་དང་ས་གཙང་མིན་གྱི་སྡེམ་ར་མཉམ་དུ་ཚུགས་ཀྱང་རྗེ་འདི་ཁོ་ནའི་ཐུགས་རྗེས་སྔོ་ལོ་མ་འཕྱར་ཙམ་བྱུང་བས། ངེད་རང་ནས་ཆོས་འཆད་དང་པོའི་ཕྲལ་ཁྱེར་མ་ཁད་ཕྲུ་གུར་སོང་བས་ཡབ་ཡུམ་སྐུ་དྲིན་ཅན་ནས་འདི་ཁའི་གཙུག་ལག་ཁང་ཕལ་ཆེར་མཇལ་བ་དང་ཆོས་གྲྭ་ལྷོ་བྱང་གི་སྨོན་ལམ་སྨན་བླའི་ཚོགས་མཇལ་ཕྱི་སྐོར་སོགས་ལ་ཉིན་ཁ་ཤས་ཕྱིན་ཆོག་བྱུང་བས་དགའ་སྤྲོ་ཚད་མེད་བྱུང་ཡང་འབྲུམ་བགས་སླེབས་པས་ཉེན་ཆེན་ཡིན་བར་ཕུད་བཞེས་པའི་གྲས་སུ་མ་ཚུད་པ་འདི་ཡང་རྗེ་ཉིད་ཀྱི་སྐུ་དྲིན་དུ་གོ རིམ་བཞིན་འབྲུམ་མཆེད་སྐབས་གཞན་ངོ་བསྲུང་བ་དང་གཏམ་སྦིར་སྣ་ཚོགས་ཀྱི་བསྟན་ལར་གནོད་དོགས་རེ་ཞིག་འབྲུམ་པ་མིན་ཚུལ་ཁོ་ན་གསུང་མུར་ནག་ཟླའི་ནང་གཞུང་ཞབས་རིན་པོ་ཆེ་ནས་བཀའ་ཁྲར་ཐང་ལྷའི་གངས་ལ་ཐོག་བབས་པ་སོགས་འཐན་ལྟས་ངན་པ་ཞི་ཕྱིར་པུ་ཏྲའི་མདོས་ཟོར་སྒྲུབ་དགོས་ཕེབས་དོན་བཞིན་ཚོམས་དམར་དུ་རྗེ་ཉིད་ཚོགས་དབུས་ཞག་ཤས་སྒྲུབ་མཐར་འཕེན་པར་མཛད་དུས་ཚོགས་ཁྲོད་ནས་ཀྱང་གྲྭ་པ་ཞིག་ན་ཚོད་ཡིན། དེ་