R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༣
[A:༦༨༣]དུས་མ་ལགས་དེ་ཐུགས་སྒྲུབ་ཚེས་བཅུའི་ཆོ་ག་བརྒྱ་ཚར་གྲངས་བསོག་འགྲུབ་ཉེར་འབྲུམ་པའི་སྐྱ་ནད་བཞེེས་པར་བད་རླུང་དུ་ངོས་ཟིན་པའི་བཅོས་དང་བདག་རྐྱེན་གང་ཡང་མ་མཛད་པས་ཇེ་ལོད་ནས་ཐོར་པ་རེ་གཉིས་ཐོན་ཀྱང་རྔ་རོལ་མེ་ཉི་སོགས་བསྲུང་དགོས་རྣམས་གཅིག་ཀྱང་མ་བསྲུང་མུར་འབྲུམ་ནད་དུ་ཐག་ཆོད་པས། སྨན་པ་རྒན་པོ་རྣམས་ཐུགས་གཡེང་པའམ་དགོངས་གཞི་གཞན་ལ་གཏད་པ་གང་ལྟར་ཀྱང་སྐྱོན་ཡེ་མ་བྱུང་བར་བག་ཡངས་སུ་ཐར་བ་འདི་ཡང་ཡབ་ཡུམ་གཉིས་ཀྱི་གྲུབ་རྟགས་སུ་མངོན་ཞིང་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་དང་འདྲ་བར་བྱུང་། དེ་ནས་ངོས་སྤུན་ནང་གསར་རྣམས་སུ་སྡོད་མ་ནུས་པར་ངེད་རང་རྩེའི་སྐུ་ཡོན་ཁང་དང་ཨ་ལྕེ་སྤུན་གཟིམ་ཆུང་ཤར་དུ་མ་ལགས་དང་ལྷན་རྒྱས་བཞུགས། དཔོན་གཡོག་ཚང་མ་སྤྱིར་འཇིགས་ཤིང་ཁྱད་པར་རྗེ་ཉིད་ལ་སྐུ་ན་སྐུ་གཅོང་གང་ས་ནས་འོ་བརྒྱལ་བྱུང་དོགས་ཀྱི་ལྷ་བླ་མའི་ལུང་མོ་རྟག་སོགས་ལ་བབས་པའི་ཞབས་བརྟན་སྐུ་རིམ་དང་རང་རང་གི་རིམ་གྲོར་རྟག་འགྲུས་ནས་མི་དབང་སྐུ་ཞབས་སུ་སྙན་སྒྲོན་དགོངས་སངས་བཅས་མཛོད་པས་ཕུལ་བའི་ཕྱིར་ཕེབས་བཀའ་ཤོག་ཏུ་བཀའ་སྐྱོན་མཛོད་པའི་སྐེ་མིག་ལ་འབབ་པ་ཙམ་གྱི་མཐའ་འདོམས་བཅས་ཕེབས་པས་ཤུ་ཐོག་རྨ་བརྩེགས་ལྟ་བུའི་ཀུན་སྐྲག་འོན་ཀྱང་རྗེ་ཉིད་ནས་ངེད་ལ་འབྲུམ་པ་མི་འོང་ཞིང་ཅིས་ཀྱང་བྱུང་