[A:༦༨༨]དེ་ནས་སྨིན་དྲུག་ཟླ་ནང་ཙམ་ལ་ནད་འཁྲུན་ཡོངས་རྫོགས་ཆོད་པས་མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་དང་དུས་མདོས་སོགས་ལ་ཁོ་བོས་ཕྱིན་པར་དུས་མདོས་ཉེར་གསུམ་ཉིན་འཆམ་སྐུ་རྣམས་ལ་སྙན་ཤལ་འབུལ་བར་རྗེ་ཉིད་ཕེབས་ནས་ཚོགས་གཤམ་དུ་ཚོགས་ཕྱག་མཛད་བྱུང་བས་ཁྲི་ཐོག་ཏུ་སྡོད་མི་ནུས་པ་ལྟ་བུ་བྱུང་ཞིང་། འདི་སྐབས་ཆིག་སྒྲུབ་ཀྱི་ཞལ་གཏོར་བཟློག་ཞིག་ཀྱང་གནང་ངོ་། །
དེ་ལྟར་དགུང་གྲངས་སོ་དྲུག་ཡན་གྱི་ངོ་མཚར་མཛད་པ་རྣམས་རགས་ཙམ་ལས་ཞིབ་པ་ནི་ཟིན་བྲིས་མེད་པས་རྣམ་ཐར་ཆེན་མོར་ཡང་མ་འཁོད་ཅིང་རྗེ་ཉིད་ལ་གཞན་གྱི་རྟོགས་བརྗོད་གསུང་བར་ཞུས་ཀྱང་ཁོ་བོར་རྣམ་ཐར་མི་དགོས་གསུང་པས་འདི་ཙམ་ལས་སྤྲོ་བར་མ་ནུས་ཤིང་། དགུང་གྲངས་སོ་བདུན་པ་ནི་དགོས་པའི་དབང་གི་འོག་ཏུ་འཆད་དོ། །
གང་ལྟར་གོང་སྨོས་ལྟར་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་ཀྱི་གསན་བསམ་མཐར་ཕྱིན་ནས། བསྒོམ་པས་ཐུགས་ཉམས་སུ་སྟར་ཚུལ་ནི་ཀྱཻ་རྡོར་རྡོ་རྗེ་ཕུར་པ། མགུར་མགོན་རྣམས་ཀྱི་གཞི་བསྙེན་སྦྱིན་སྲེག་བཅས་མཐར་ཕྱིན་ཞིང་དེ་རྣམས་ཀྱི་ཁ་གསོའི་ལྗགས་བསྙེན་གྲངས་མང་དང་། གཞན་ཚེ་སྒྲུབ་རིགས་ཁ་ཤས། རྟ་མགྲིིན་སྐྱེར་སྒང་པ་སོགས་ཡི་དམ་དུ་མའི་ལྗགས་བསྙེན་ཟླ་ཞག་གྲངས་བཅད་འགའ་རེ་ཡོད་འདྲ་ཡང་ཁོ་བོས་མ་རྟོགས།