[A:༦༩༡]ཡུག་ལྟ་བུ་དང་། གཞན་ཡང་ཆོས་སྤྱོད་སྨོན་ལམ་འགའ་ཞིག་ཀྱང་གནང་ཞིང་། ལྗགས་ཆུ། སྲུང་བ། སེར་སྲུང་། ཆར་འབེབས། རླུང་གནོན། སྲི་གནོན། གཏད་ཧྲུལ། ལྷ་བསངས། ཆབ་ཀླུ། སེང་གེ་སྒྲའི་ཆོ་ག གླུད་རྫོང་རིགས་དུ་མ། གཏོ་བཅོས། ཕྱག་མོ་སོགས་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་དུས་འདའ་བར་མཛད། ཆགས་སྡང་གི་གསུང་སྒྲོས་སམ། ཁ་འཇམ་སེམས་གདུག་གཡོ་རྒྱུ་སོགས་ངན་སྤྱོད་དྲི་ཙམ་ཡང་མི་མངའ་ཞིང་། འགྲོ་བ་སྤྱི་དང་ཁྱད་པར་རྒྱ་བོད་ཤུགས་རིང་མགྲོན་པོ་ཕྱུག་ཞན། གནས་སྐོར་བ་སྤྲང་འཁྱམ། མི་དྲག་ཞན་ཁོས་ཀ་མེད་རིགས་ལ་ལྷག་པར་ཡང་བརྩེ་ཞིང་། སྐུ་གསུང་ཐུགས་ཀྱི་རང་བཞིན་དྲང་པོ་ལས་ངེད་རང་ལྟ་བུ་གདུག་རྩུབ་ཡེ་མི་མངའ་འོ། །
དེ་ལྟར་རྟོགས་པ་མངོན་དུ་གྱུར་ནས་བསྟན་འགྲོའི་དོན་དུ་གསུང་ཆོས་སྩོལ་བའང་། བདེ་ཀྱཻ་གསང་གསུམ་བདག་མེད་མ་ཀུན་རིག་ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང་གྲངས་མང་། རྡོ་རྗེ་ཕུར་པའི་སྟོད་ལས་དབང་ཤིན་ཏུ་མང་བ། སྨད་ལས་རྗེས་གནང་བཅུར་ཉེ་བ་གུར་དྲག་དབང་ཁ་ཤས་སྦྱོངས་དཀྱིལ་བཅུ་གཉིས་སོགས་དང་། སྒྲུབ་ཐབས་བརྒྱ་རྩ་ཚར་ཁ་ཤས། བླ་མ་ཞི་ཁྲོ། ལྕགས་སྡོང་། གྲུབ་རྒྱལ་རྣམས་ཀྱི་ཚེ་དབང་གྲངས་མང་མདའ་འཕེལ་མ་ཁ་ཤས། འཇམ་དབྱངས་དམར་སེར་འབྱུང་འདུལ་རྣམ་