[A:༦༨]གདན་ཚབ་རྗེ་འདི་ལ་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ཏེ་དགུང་ལོ་ཉེར་ལྔ་པ་ཤིང་ལུག་ཁྲུམས་ཟླའི་ནང་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་རིམ་བཞིན་ལྷ་བུ། འུ་ཡུག་ཟམ་ཚེར། རི་སྡིང་མ། སྟོད་ལུང་བདེ་ཆེན། གྲུབ་རྒྱལ་སོགས་སུ་ཕེབས་པའི་ཚེ་ལམ་བར་ན་འཁོད་པའི་ལྷ་སྡེ་མི་སྡེ་ཀུན་གྱིས་མཆོད་ཅིང་བསྙེན་བཀུར་དང་ཆོས་འབྲེལ་གྱི་ཚིམ་པར་མཛད། དེ་ནས་ན་ལེནྡྲ་ནས་བླ་མ་སློབ་དཔོན་སྡེ་པ་མཁར་རྩེ་བ་སོགས་ཀྱིས་ཆིབས་བསུ་དང། དགེ་འདུན་གྱི་སེར་ཕྲེང་བཅས་ཕེབས་པའི་ཚེ་གནམ་གཤིས་འཇམ་ཞིང་ཉི་མ་ཉིས་འགྱུར་གྱི་རིང་ལ་མེ་ཏོག་གི་ཆར་འབབས་པ་སོགས་དགེ་མཚན་དུ་མ་དང་བཅས་བླ་བྲང་གཟིམ་ཆུང་དུ་ཕེབས་ཏེ་ཐ་སྐར་ཟླ་བའི་བཅུ་བཞི་ས་མཆོད་ཉིན་གཞིས་བྱེས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཀུན་མཁྱེན་སྨྲ་བའི་སེང་གེ་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཆོས་ཁྲི་ལ་ཞབས་ཟུང་བཀོད་དེ་རྒྱལ་ཚབ་དམ་པར་མངའ་གསོལ་གྱི་མེ་ཏོག་གཏོར། ཆོས་སྡེ་དང་སྦྱིན་བདག་སྤྱི་སྒོས་ཀྱི་ལེགས་འབུལ་ཕུལ་ཞིང་གནང་སྦྱིན་མང་འགྱེད་སོགས་ཀྱི་སོ་སོའི་རེ་བ་བསྐངས། དེར་བཞུགས་རིང་ཕུར་པ་ས་ལུགས་ཀྱི་དབང་དང། ཡི་དམ་གྱི་རྗེས་གནང་དུ་མ་སོགས་སྨིན་གྲོལ་ཆོས་ཀྱི་ཆར་པ་ཕབས། མཁར་བརྩེ་བ་སོགས་དཔོན་རིགས་དང། སྟག་ལུང་སྡེ་པ། གླིང་ཞབས་དྲུང། སྤྱང་ལུང་ཆོས་སྡེ། དགའ་མོ་གྲོང་