[A:༦༩༤]སིལ་བ་ཙམ་གྱི་གདུང་ཤུགས་བཅས་ཟབ་བཞེས་འཐུས་མ་ཤོར་བ་དགོས་ཚུལ་ནན་སློབ་མཛད་པའི་རྒྱ་ནག་ལུགས་ཀྱི་ཞབས་ལ་འབྱར་སྨན་བུ་རམ་འདྲ་མོ་ཤོག་བུ་དང་གོས་ཀྱི་རྒྱབ་ཤ་ཅན་བཅུ་ལྷག་ཙམ་འབུལ་འབྱོར་བྱུང་བ་དང་བོད་ཀྱི་མི་རྗེ་བཙན་པོ་རིམ་ནས་ཕུ་དུད་ཞུས་ཤིང་མཛུམ་ལི་རྒྱལ་པོའི་མི་སྣ། འབྲུག་པའི་སྡེ་སྲིད་རིམ་བྱོན་སོགས་ཆེན་པོ་མང་པོས་གུས་འདུད་དབུ་འཕང་བསྟོད་ཆོས་སྐྱོང་དང་ལྷ་འདྲེ་དྲེགས་པ་ཅན་རྣམས་ཀྱང་དབང་དུ་མཛད་པ་ལྟ་བུའི་བཀའ་སྒོ་དང་སྤྲིངས་ཡིག་ཐོས་པ་ཙམ་གྱི་གཞན་ལ་ཕན་ཐོགས། ཁ་སྦྱོར་ཡན་ལག་བདུན་ལྡན་མངོན་དུ་མཛད་པས་རྫུ་འཕྲུལ་ཐུགས་མཁྱེན་སོགས་ཀྱི་ལོ་རྒྱུས་སྨྲ་བ་བྱིས་པ་མཚར་བསྐྱེད་དུ་ཟད་མོད། འོན་ཀྱང་གོང་སེབ་ཚགས་རྣམས་སུ་ཐོར་རེ་བ་རྣམས་དང་འདིར་ཡང་ཅུང་ཟད་སྨོས་ན་སྐབས་ཤིག་ཤངས་ཕྱོགས་ནས་འོང་པའི་སློང་མོ་བ་མིག་ལོང་བ་ཞིག་བྱུང་བར་ཐུགས་རྗེ་ཚད་མེད་གཡོས་པའི་ཕྱག་དབང་ལྗགས་ཆབ་གནང་མ་ཐག་རང་ཕྱེ་བྱུང་ཡང་དེ་བཞིན་གཤེགས་པ་དང་ལྷ་བྱིན་གྱི་དཔེ་ལྟར་ཕྱིས་སུ་སྐུ་དྲིན་ཁྱད་གསོད་བྱས་སྐད་ཐོས། སྐུ་ན་ཕྲ་སྐབས་སྒྲོལ་དབང་བཀའ་སྒྲུབ་ཞིག་གི་གསེང་དབར་གསོལ་དཔོན་ཐུགས་རྗེ་བཀྲ་ཤིས་ཀྱི་ཞག་ཕོར་དཀར་ཡོལ་ཡུ་ཐུང་སྟེང་ཞབས་གཉིས་ཀྱི་ལྗིད་འགེལ་བར་མཛད་ཀྱང་གས་ཆག་མ་བྱུང་བ་དང། རྒྱ་དཔོན་བླ་བྲང་དུ་གཏོར་སྤོད་