[A:༧༠༥]ལོང་བྱེད་མུ་ནས་ཉི་མ་འབྱོན་ཁར་ནུབ་དུ་ལྟས་པས་འཇའ་ཚོན་ཞིག་ཤར་བྱུང་བས་གང་ཡིན་ནམ་མཉམ་པར་སླད་ནས་བསམ་ཚེ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་གཤེགས་ཉིན་ཡིན་འདུག་གསུངས་ཤིང་མགུལ་ཁྲིལ་ནས་གསུང་ཕྲོའང་ཆད་སོང་། སང་སྔ་མོར་ངེད་རང་ནས་གཟིམས་ཤར་དུ་ཕྱིན་པས་གཟིམ་འོད་ལྷ་བཤོས་ཁ་ཤས་བཟོ་ཞིང་གཞན་ཚོ་མུན་རུབ་པས་བསྡད་འདུག་པས་རྩེ་ཟིམ་བྱས་བྱུང་ཡང་གཤེགས་མིན་རྟོག་པ་གང་ཡང་མ་བྱུང་། མ་ལགས་དེ་གཟིམ་མལ་ན་དྲན་མེད་ལྟ་བུར་བཞུགས་པའི་ཕྱག་བདག་གི་ལག་པར་བཅང་སྟེ་གནས་ཚུལ་གསུང་བྱུང་བས་ཧོན་ནེ་བ་ཞིག་ལ་ད་དགོངས་རྫོགས་རྣམས་གང་དྲག་མཛོད་ཞུས་ནས་སྟེར་དུ་གཟིམ་ཆུང་ལ་ཕྱིན་པས་ལྷོ་བྱང་གི་བར་ལ་སྤྲིན་དཀར་སྣམ་ཡུག་རྐྱང་པ་ལྷ་བུ་ཞིག་ལས་གཞན་གཡའ་དག་པ་ལྟར་སྔོ་སེང་ཡིད་སྐྱོ་ལྷང་བྱེད་པ་ཞིག་འདུག་ནང་ན་གཟིམ་ཁྲི་ཡོལ་བས་བལྟུམ་པའི་ལྷོ་ངོས་ན་སྐུ་གདུང་རིན་པོ་ཆེ་སྐྱིལ་ཀྲུང་མཉམ་བཞག་འདྲ་མོ་དབུ་སྐུ་མདུན་ལ་དུད་ཉམས་ཀྱི་བཞུགས་དྲུང་མཆོད་པ་གཤོམ་དང་བཤམ་རྒྱུ་ཁ་ཤས་བཅས་གནས་སློབ་དེས་དཀར་ཆ་བཞི་སོགས་ཐུགས་དམ་རྣམས་གསོལ་འདེབས་མཛད་འཁུལ་དུ་འདུག ཉི་དྲོས་ལ་ངེད་སྤུན་དང་བཀྲ་ཤིས་རྒྱལ་མཚན་དེ་བཅས་ནས་གནས་བཅུར་བླ་མཆོད་ཞུས་པས་དྲན་དྲགས་ངུ་མ་ལབ་ཁོ་ན་ལས་འདོན་མ་ཐུབ་རྒྱུན་དུ་ནི་རྩེད་