[A:༧༠༦]མོ་དང་ལབ་ལ་ཡེངས་པས་སྡུག་བསྔལ་ཡང་རྗེད། འདོན་པ་ཞིག་ཚུགས་ན་བླ་མ་བཅོས་མིན་དྲན་པས་ངུ་བ་ཁོ་ན་བྱུང་། དེ་ནས་ཉེར་བརྒྱད་བར་ཐུགས་དམ་ལ་བཞུགས་ཤིང་དེ་ལས་གྲོལ་བ་ན་དབུ་ལྟོར་ཕྱོགས་ཤངས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་དང་སྐུ་ལས་ཆབ་སེར་སྟོབས་ཆེན་ཟགས་པ་སོགས་རྟགས་ཤིན་ཏུ་གསལ་བས་སྤུར་ཞུ་ཕྲལ་སྒྲུབ་ཞུས་ཀྱང་ཡོངས་ཚོད་འདུག་ཀྱང་། དབྱར་དུ་སོང་བས་མི་རུང་ཟེར་མ་ཟད་པཎ་ཆེན་ཐམས་ཅད་མཁྱེེན་པའི་མཆོག་སྤྲུལ་རིན་པོ་ཆེ་གདན་པ་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཉེའི་མི་དབང་སྐུ་ཞབས་གཙང་ལ་ཆིབས་བསྒྱུར་དང་ཐུག་པསསྐབས་སུ་མ་ཆེ་ཞིང་དགོངས་སྐོར་མ་འགུག་པས་གསང་རྒྱ་དམ་བསྒྲགས་ཀྱི་སྤུར་སྒྲོམ་དུ་གདན་འདྲེན་ཤར་ཡང་བཟོ་མ་བདེ་བར་དེ་སྔོན་ནས་ཆོས་ལྷུན་མཁན་ཆེན་ལྷ་བཙུན་དཔལ་འབར་གཤེགས་དུས་བསྔོ་རྟེན་དུ་ཕུལ་བས་སྒམ་རྩི་ཚོན་གསེར་ཤོག་ཡུལ་ལེ་བ་དེ་དབང་ཁང་དུ་ཡུན་རིང་ལས་པ། དེ་སྐབས་སུ་བབས་པ་ནི་རང་རང་གི་ཐུགས་བསྐྱེད་སྨོན་ལམ་དབང་གིས་དེ་བཞིན་གཤེགས་པའི་བཤོས་མཐའ་མ་མགར་བའི་བུ་ཙུནྡས་ཕུལ་བ་དང་འདྲའམ་སྙམ་ཞིང་། དེ་གྱེན་སླང་ནང་སྤུར་ཆས་ཙན་ཕྱེ་སོགས་དྲི་བཟང་དུ་མའི་ཁྲོད་དུ་བཞུགས་པར་ཕྱི་ནས་དར་ཡུག་སྣ་ཚོགས་ཀྱི་སྤྲས་པ་མཆོད་པའི་དབུས་སུ་འཁོད་ཅིང་། ཕྱག་ཆ་རྡོར་དྲིལ་ཀ་པཱ་ལ་