R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༠༩
[A:༧༠༩]ཅིའི་མཚམས་ལ་ཞལ་བཀོད་སོགས་མདོར་ན་རྒྱལ་ཚབ་ལྟ་བུའི་སྒོ་ནས་རྗེས་སུ་བཟུང་བ་སོགས་རྗེ་འདིའི་སྐུ་དྲིན་འཁོར་མཐའ་མ་མཆིས་སོ། ། དེ་ནས་ངེད་རང་གི་སེམས་ལ་དགོངས་སྐོར་འགུག་ཕྲལ་སྤུར་སྦྱོངས་ཞབས་ཏོག་ཞུ་སྙམ་ཡང་གཞན་དབང་གིས་དེ་བཞིན་མ་བྱུང་བར་སྨིིན་ཟླའི་ནང་ཐར་རྩེ་རྡོ་རྗེ་འཆང་གི་ཚོམས་དམར་དུ་སྤུར་ཞུ་བཀའ་དྲིན་བསྐྱངས་པར་འཇའ་དང་མེ་ཏོག་ཆར་སོགས་མཐུན་སྣང་དུ་གྲུབ་ཅིང་སྐུ་གདུང་ཀྱང་བྱིས་པ་ལོ་བརྒྱད་ཚོད་ལས་མེད་པས་མེ་མཆོད་ཕྲལ་བཞེས་བྱུང་ཞིང་ཐར་རྩེ་རྗེའི་མནལ་ལྟས་སུ་རེ་ཞིག་མངོན་དགའི་ཞིང་དུ་ཕེབས་ནས་སླར་ཡང་སྤྲུལ་པ་འབྱོན་པར་གསུངས། དེ་དུས་ངེད་ཀྱཻ་རྡོར་གཞི་བསྙེན་སྔོན་མའི་སྐབས་ཡིན་པས་སྤུར་ཞུའི་ནུབ་རྨི་ལྟས་སུ་གསེར་ཁང་སྟེང་གི་ནམ་མཁར་ཉི་ཟླའི་འོག་ཙམ་ན་འཇའ་སྤྲིན་དམར་པོའི་དབུས་བཞུགས་གདན་ལ་རྗེ་དེ་ཉིད་སྐུ་མདངས་དམར་ཞིང་སྔགས་འཆང་ཆས་ལ་སྐུ་བེམ་དམར་པོ་དང་ས་ཞུ་བཞེས་ཤིང་གཡོན་སྐྱབས་སྦྱིན་གཡས་གོས་དམར་ལ་ལམ་ཟབ་བིར་སྲུང་སོགས་ཀྱི་ཕྱག་དཔེ་ཡིན་བསམ་པ་ཞིག་དྲིལ་ནས་སྐུ་འཁྲིས་ཉེ་གནས་བརྒྱུད་རང་ལ་བསྩལ་ཉམས་ཅན་བཞུགས་པ་ལ་བཞུགས་གཡབ་གཡམ་སྐྱོར་ཤར་འཁྲིས་ནའང་རྗེ་དེ་ཉིད་བཞེངས་ནས་ནམ་མཁའི་རྗེ་རང་གི་སྐུ་ལ་བཤད་པ་མཛད་པ་