R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༡༢
[A:༧༡༢]རྒྱས་སོ་ལྔའི་སྐུ་ཞིག་འདུག་པར་ཕྱག་འཛུབ་གཏད་དེ་གསོལ་བ་ཐོབ་གསུང་པ་ལྟ་བུ་ཤར་བ་སོགས་གཞན་ལའང་དེ་བས་ལྷག་པའི་དངོས་ཉམས་རྨི་ལྟས་བྱུང་ཡོད་འགྲོ་བས་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་སྙིང་རུས་བསྟན་འགྲོ་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པའི་རིང་ལུགས་ཡང་སྒོས་བདག་སོགས་གདུལ་བྱའི་དཔལ་མགོན་དམ་པར་བསམ་བཞིན་བྱོན་པ་ཞིག་གོ །འདིར་སྨྲས་པ། མཐའ་ཡས་འགྲོ་ལ་དཔག་ཡས་རྗེས་ཆགས་ཀྱིས། །བསམ་ཡས་ཐུགས་བསྐྱེད་བགྲང་ཡས་ཕྲིན་ལས་བཞིའི། །ཚད་མེད་གཟིགས་པ་སྒྲིབ་མེད་འཇུག་པ་ཡིས། །ཡེངས་མེད་རྗེས་འཛིན་དཔག་མེད་མགོན་དེས་སྐྱོངས། །ཞེས་སོ། ། ཁ་སྐོང་འདི་རྩོམ་པ་པོ་ཀུན་དགའ་ བློ་གྲོས་དང་། གཅུང་མཐུ་ སྟོབས་དབང་ཕྱུག དེ་ལྟར་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དེ་ཉིད་ཀྱི་ཁྱད་པར་གྱི་གདུལ་བྱ་འཁོར་འཁྱམས་བདག་ཅག་སྤུན་རྣམས་རྗེས་སུ་བཟུང་བས་དྲིན་ཆེན་བསོད་ནམས་དཔལ་གྱི་དབང་མོ་ལས་སྲས་གསུམ་