[A:༧༡༥]སྒྲུབ་ཐོ་གནང་ཉིན་འབྱོར་རྒྱུའི་དོ་ནུབ་གྲྭ་པ་ཞིག་གིས་གཞི་དགོན་དཔོན་སློབ་ཀྱི་ཡིན་ཟེར་བའི་བུམ་པ་གཡུ་ཁྲ་མ་ཆུས་གང་བའི་དཀྱིལ་ནས་ལྗང་པ་ཐོན་པ་ཞིག་དང་ཐོད་ཕྲེང་གཡེར་ཁས་སྤྲས་པ་ཕུལ་བ་ཞིག་ཤར་ཞིང་དེ་དུས་སྒྲུབ་ཐོ་དེ་ལས་ངོས་ཀྱི་རྨི་ལྟས་སུ་དུང་བུས་པ་བུམ་པ་ལས་འབྲས་སྙེ་ཐོན་པ་ས་སྐྱའི་ལུང་པ་འཇམ་དབྱངས་མེ་ཏོག་གིས་ཁེངས་པ་དཔོན་པོ་རི་ལ་ཞལ་གྱི་སྔགས་འབུར་དུ་ཐོན་པ་ཉི་ཟླ་ཤར་བ་སོགས་བྱུང་བས་གུར་ཞལ་འཁོར་བཅས་ལ་བསྐང་ཁྲུས་དགྲ་ལྷ་དཔངས་བསྟོད་དང་ཁྱད་པར་ཞལ་གྱི་བསྐང་བ་ཁྲི་ཚར་མཛོད་གསུངས་པ་ལྟར། དབུས་ཕྱོགས་ཆོས་སྐྱོང་རྣམས་ནས་ཀྱང་ཞལ་བསྐང་ཁྲི་ཚར་དགོས་པའི་ལུང་རྣམས་མཐུན་པ་བཞིན་ཡབ་རྗེ་རྡོ་རྗེ་འཆང་ནས་ཡུན་བསྲིངས་ཏེ་བསོག་གནང་གི་སྔ་ཕྱིར་ཁྲི་ཚར་གསུམ་ལྷག་བཀའ་དྲིན་བསྐྱངས།
ཡང་བཙའ་རྒྱུའི་ཟླ་བ་དེའི་ཚེས་དགུར་ཡབ་རྗེ་འདུས་ཚོགས་ནས་དྲུག་ཅུ་ཡིན་སྙམ་པའི་གཏོར་བསྐུལ་ཕྱིར་མཛད་བྱུང་བས་གུར་ཞལ་གྱི་སྔགས་དང་ཨཱ་ལི་ཀཱ་ལི་དབྱངས་དིར་དིར་ཡོད་པ་ཡོད་པ་ཤར་བ་དང་། ཡང་བཙུན་མ་ཞིག་ནས་ལྔ་དུས་ལ་དོག་ཟེར་བས་གང་ཡིན་འདྲི་བར་མཛད་པས་ཞག་ལྔ་ཟླ་ལྔ་ལོ་ལྔར་དོག་ཟེར་བ་ཤར་བ་ནི་དེ་དུས་སྒྲ་ཇི་བཞིན་ཡིན་ཤག་མཛད་ཀྱང་། ཕྱིས་སུ་ངེད་རང་ནས་བསམ་ཚེ་ལྔ་གསུམ་བཅོ་ལྔ་ཡིན་འདུག་པས་བཅོ་ལྔའི་ལོ་ས་