[A:༧༡༦]འབྲུག་ནག་ཟླར་ཁྲག་རླུང་མཐུ་མོ་ཞིག་གི་མི་འཚོ་བ་ཙམ་དུ་གྱུར་དུས་འཇམ་མགོན་སངས་རྒྱས་ཡེ་ཤེས་ཀྱི་འཆི་བསླུ་སོགས་རིམ་གྲོ་དང་སྨན་སོགས་ཀྱིས་ལྷོགས་ཙམ་བྱུང་བ་དེ་ཡིན་འདྲ། གཞན་ཡང་མནལ་ལམ་ཡིན་ཡིན་མང་པོ་བྱུང་འདུག་ཀྱང་འདིར་དེ་ཙམ་མོ། །
གང་ལྟར་དེ་ནས་ཤིང་སྟག་ས་གའི་ཚེས་བཅུར་ཁ་བ་འབབ་ཅིང་བཙས་པར་ཡབ་རྗེ་རྡོ་རྗེ་འཆང་ནས་ལྗགས་ཆུ་ཚེ་དབང་བྱབས་ཁྲུས་སོགས་བསྩལ་ཞིང་གཏང་རག་ལྷ་བསངས་གསུང་བསྐང་སོགས་དང་རིམ་གྲོ་སྤྱི་སྒེར་ནས་སྒྲུབ་ཡོད་འགྲོ་ཞིང། ལེགས་སོ་སྟེར་བའི་དངོས་པོ་ནི་དུ་མ་བྱུང་། གསོ་སླ་ཞིང་ཉན་པས་ཡབ་ཡུམ་ནས་ཐུགས་རྩིས་ལྷག་པར་ཆེ། མིང་ཞུས་པས་ཡབ་རྗེ་ནས་ངག་དབང་ཀུན་དགའ་བསོད་ནམས་མཐུ་སྟོབས་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོོར་བསྩལ། གཅེས་མིང་ལ་ཚངས་པ་མཆོག་པ་ཟེར་བས་ཟླ་བོ་ཚོས་བླ་མ་ཚངས་མཆོག་ལགས་ཟེར། མིང་ལ་མཐུ་སྟོབས་དབང་ཕྱུག་ཡོད་པས་སྒར་ཆེན་རྣམ་སྤྲུལ་ཡིན་ཟེར་བས་ཅལ་སྒྲོག་བྱུང་བས་དེ་རང་ཡང་སྒར་ཆེན་ཡིན་རྒྱུའི་ཁུལ་བྱེད། སྨྲ་ཤེས་ཙམ་ལ་ཡབ་རྗེས་ཞབས་འབམ་བཞེས་དུས་འཇམ་དབྱངས་བསོད་ནམས་དབང་པོས་ཕྱག་མཁར་བསྣམས་པ་མཐོང་བས་རྒན་ཉམས་དང་མཁར་བ་འཁུར་བའི་ཚུལ་བྱེད། ཡབ་