R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༤
[A:༧༤༤]རྟ་ཟླའི་ནང་ཙམ་ལ་ངོར་བས་འཇིགས་བྱེད་དྲུག་བཅུ་སོགས་དང་། གོང་དཀར་དཔོན་སློབ་རིན་པོ་ཆེས་ཀྱང་གཏོར་བཟློག་དུ་མ་གནང་། མེ་གླང་དབོ་ཟླའི་ཚེས་བཞིར་རྒྱལ་བ་རིན་པོ་ཆེ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པའི་དགོངས་རྫོགས་འབུལ་བར་མཛོད་པ་ལྷ་སར་ཐོན། ངོས་ཀྱིས་བདེ་ཀྱཻ་གསང་གསུམ་སོགས་ཀྱི་སྒྲུབ་མཆོད་དགོངས་རྫོགས་སུ་བཏང་། ཀླུ་སྡིངས་ཞབས་དྲུང་རིན་པོ་ཆེ་ཞབས་འབམ་གྱི་སྙུན་ལྕི་མོ་བཞེས་པས་འདི་ནས་ངོར་དུ་འདོ་ལེར་སྤྱན་འདྲེན་ཞུས། དེའི་ཟླ་བསྐྱེད་ཙམ་ལ་གང་ནས་འོང་མེད་པའི་བུམ་མེད་སྤྲུལ་གཟུགས་འདྲ་མོ་ལུང་པ་དུ་མའི་མི་ནོར་ངོ་ཤེས་པ་ཞིག་ཀྱང་བྱུང་བས་དུས་རྟགས་ལྟ་བུ་ཡིན་འདྲ། མཛོད་པ་དབུས་ནས་འཁོར་ཉེར་ནུ་བོ་དེར་ཆུ་བསགས་ཀྱི་མགོ་ཟུག་བྱེ་རྫིང་ཚོགས་ནས་སྐུ་བརྟེན་པ་འབྱོར། ནག་ཟླའི་ཉེར་གཅིག་སྲོད་འོད་ཟེར་ལ་རླུང་ལོག་གི་ནད་མཐུ་མོ་སྲོག་ལ་འབབ་ཉེ་བྱུང་། དེ་སྔོན་ནས་བླ་མ་དམ་པ་དུ་མ་དང་ཆོས་སྐྱོང་ཁ་ཤས་མོ་བརྟག་རྩིས་སོགས་ལ་བབས་པའི་རྐྱེན་སེལ་ཚེ་དབང་རྗེས་གནང་སོགས་གང་དགོས་ངེད་རང་ནས་བགྱིས་ཤིང་། ཚེ་ཆོག་གཏོར་མའི་རིགས་བཀའ་བསྟན་སོགས་གསུང་སྒྲོགས། མདོས་དང་། གཏོར་བཟློག བསྐང་བ་སྦྱིན་བསྲེག་སཙྪ་སོགས་སྒྲུབ་འོས་རྣམས་ཆོས་གྲྭ་ལྷོ་བྱང་ངོར་ཆོས་ལྷུན་ཞ་ལུ་སོགས་དགོན་པ་ཁ་ཤས་སུ་ཞུས་ཤིང་སྔགས་