R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༤༦
[A:༧༤༦]བརྟགས་ཤིང་། མཆོད་རྟེན་གཡུལ་ཐང་གཤམ་གྱི་འདི་ཡིན་པས་ལྷ་བབ་ནི་མ་འོང་པ་ན་རིགས་བརྒྱུད་འབྱུང་བར་བརྟག་པས་བྱེ་ཚོགས་ཆོས་སྐྱོང་གི་ལུང་་གསལ་པོ་ཡིན་འདྲ། དེ་ནས་ས་གའི་ཚེས་འགོར་མཚམས་གྲོལ་ཤིང་སྦྱིན་བསྲེག་ནི་མ་ཐུབ། ངེད་རང་ནས་ཚེ་ཆོག་བརྒྱ་ཚར་བསོག་དབུ་ཚུགས་ཁམས་ལ་བདེ་བསྐྱེད་མེད་པས་མཚམས་ཁང་དོག་སྐྱོན་གྱི་བཅོས་བྱེད་མི་བདེ་བས་གཡབ་ཤར་དུ་སྡོད་གནས་ཀྱི་སྨན་ཟས་སྤྱོད་ཚང་མར་བརྩོན་པ་བསྐྱེད་ཀྱང་ཕན་ངོ་ལེན་པ་ནི་མ་བྱུང་བས་ཞལ་ངོར། ཆོས་གྲྭ་ལྷོ་བྱང་དྲུང་འཁོར་སེར་སྐྱ་འབུལ་སྡུད་ཚོང་ཁག་སེར་མི་སེར་སོགས་སྤྱི་སྒེར་ནས་བརྟན་བཞུགས་སྟོབས་པ་མང་ཞིང་ཕྱོགས་ནས་ཀྱང་འགའ་ཡར་བྱུང་ཡང་ཕན་ཚུན་བསུན་པ་ལས་རྒྱུ་མཚན་གཞན་མི་འདུག། སྐབས་ཤིག་ངེད་རང་གི་རྨི་སྟས་སུ་སྒེར་རུམ་བསེ་མགོན་ཆེན་པོ་ཡིན་སྙམ་པའི་མགོན་པོའི་ཞལ་འབག་སྔོ་ཐལ་ཆར་ལྷགས་ཀྱི་བརྡུང་པ་འདྲ་བ་ཞིག་ལྟག་སྒོ་རྡོ་སྐས་མགོར་གཞན་ལ་འགྲོ་ཚུལ་དུ་འདུག་པས་སེམས་ཁྲལ་དཔེ་མེད་བྱས་པ་ཞིག་དང་། ཡང་ལན་ཅིག་བསེ་མགོན་བཞུགས་ཁྱིམ་ན་མལ་ལོའི་ཐུགས་དམ་མ་ཡིན་ཟེར་བའི་རུས་ཀྲང་གཟི་བརྗིད་ཅན་ཞིག་འདུག་པས་ད་བསེ་མགོན་མ་བཞུགས་པའི་ཚབ་ཡིན་འདྲ་བསམ་པ་ཞིག་དང་། ཡང་ལན་ཅིག་