[A:༧༤༧]ནུ་བོ་དེ་དང་ལག་སྦྲེལ་བྱས་ནས་འགྲོ་ཡི་འདུག་པས་སྐྱེ་བ་དེའི་རྣམ་པ་མེད་པར་བྱིས་པ་ལོོ་ལྔའི་ཚོད་ཙམ་ཞིག་འདུག་པའི་མཐར་རྒྱ་དཀར་ནག་ལྷ་ཁང་གི་ཐོག་ཁྲི་ཞིག་བཞག་སོང་བར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུར་འགྱུར། ཡང་ལན་ཅིག་ཆོས་དུང་ནུ་བོ་དེས་བཟུང་འདུག་པར་འཇིམ་རློན་བཞིན་ཞིག་པ་སོགས་རྨི་ལམ་ངན་པ་བཏུད་ཅིང་། དེ་རང་ལ་བསྙེན་པའི་སྐབས་རྗེ་འབངས་ཉེར་ལྔའི་གྲས་དྲན་པ་ནམ་མཁའི་སྐྱེ་བ་ཡིན་ཁུལ་གྱི་གཏེར་ཞིག་སྟོན་སོང་བར་གྲོ་ཁ་དང་དར་དམར་ལ་གཏེར་ཆོས་དྷཱ་ཀི་དྷཱ་ཀི་ཟེར་བའི་གླེགས་བམ་བསྙེད་པ་རྨིས་ཤིང་། ཡང་ལན་ཅིག་ཁོག་ནང་ན་བྱིས་པ་མཆེ་བ་སྐྱ་ཟིང་ངེ་བ་ཞིག་སྐྱེ་གྲབས་ཡོད་བསམ་པ་དང་། ཡང་ལན་ཅིག་ཐུན་གྱི་སྒང་ལ་སྤྱི་བོ་ནས་རང་སེམས་ཀྱཻ་རྡོར་ཡབ་ཡུམ་གྱི་རྣམ་པ་མཐོ་གང་ཙམ་ཞིག་རླངས་པ་བུན་ནེ་ཐོན་ཉམས་བྱུང་བས་སྐྱོ་ལྷང་ལྷང་བྱུང་ཟེར་ཞིང་ད་ངེད་གཅོང་ཅན་འདིའི་གདུང་གི་གོ་ས་མི་ཡོང་བས་གང་ཅིའི་མཚམས་ལ་བླ་མ་རིན་པོ་ཆེ་རང་ཐུགས་བསམ་ཆེ་བསྐྱེད་མཛད་དགོས་ཞེས་ས་སྐྱ་པའི་གདུང་འཛིན་ཀྱང་ངེད་ལ་བཅོལ་ཞིང་། སྐབས་འགར་སྨན་དང་རིམ་འགྲོ་སོགས་ཀྱི་དགའ་མོ་ཡོང་འགྲོ་ཞེས་སེམས་གསོའི་ཚུལ་བྱས་ན། ལན་དུ་ཟླ་བ་བརྒྱད་པར་དྲི་མེད་རྣམ་གཉིས་མི་འཁྲུགས་པའི་གསུང་ཆོག་རྣམས་གཏོང་རོགས་མཛོད་ཟེར།