[A:༧༥༡]གདུང་སོགས་གཏད་བྱུང་བ་བཞིན་བྱིན། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སྤྱན་འདྲེན་ཞུས་པས་ལྗགས་དབུགས་ཧལ་ཞིང་ཤར་རྒྱུས་སུ་བྱོན་ནས་སྤྱན་ཆབ་ཉིལ་མཛད་དེ་ད་སྐུ་ཞབས་རིན་པོ་ཆེ་རང་འདིར་མ་བཞུགས་ཤིག་ཁྱེད་ཞབས་ཕྱི་ཞིག་ནས་རྗེ་བཙུན་གོང་མ་ཡི་དམ་ལྷ་ཚོགས་བཅས་ལ་གསོལ་བ་རྩེ་གཅིག་འདེབས་པར་ཞུ་ཞུས་གསུངས་པ་བཞིན་བྱེད་མུ་ནས་མྱ་ངན་ལས་འདས།
ངེད་རང་ནི་རྐྱེན་སེལ་རིམ་གྲོ་སྨན་ཟས་སྤྱོད་དེ་ཙམ་བྱས་ཀྱང་ངོ་མི་ལྟ་བ་སྙམ་པའི་ཞེ་སྡང་ནག་ཐོམ་པ་ལས་སེམས་ཁྲལ་ཡང་མ་བྱུང་། དེ་ནས་ངེད་རང་གི་ནང་དུ་ལོག་སྟེ་ཚིག་པ་ཟ་ཧྲུག་གེ་བསྡད་པས་འོད་ཟེར་སོགས་ཟླ་བོ་རྣམས་ནས་སེམས་གསོ་བྱེད་ཁུལ་དང་དགོངས་རྫོགས་སྐོར་ཞལ་བཀོད་རྣམས་རིམ་ཞུ་ཞུས་ཆོག་པ་དང་དེ་ཉིད་ཀྱི་སྐུ་བསྟོད་ཞིག་ཀྱང་བྱུང་ན་ཟེར་བཞིན་དེ་རིང་མང་ཇ་ཞིག་དང་གཞན་རྣམས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སོགས་ལ་ཞུ་རྩིས་ཡིན་ཅིང་གསོལ་འདེབས་ད་ལྟ་འོང་བྱས། འགྲོ་ལ་རྗེས་བརྩེ་མ་འདི་བློ་ལ་ཐོགས་མེད་འཆར་འདུག་པས་གང་དྲན་དེ་རང་བརྩམས། དེའི་ཚིག་རིས་ལ་ཀྱེ་མ་ཐུབ་དབང་བསྟན་པའི་སོགས་ཤོ་ལོ་ཀ་གཅིག་ནི་ལོ་དེའི་དཔྱིད་གོང་ས་རིན་པོ་ཆེ་གཤེགས་པ་སོགས་བསྟན་འཛིན་གཞན་གཤེགས་པའང་དྲན་པའི་ཚིག་ཡིན།