[A:༧༦༢]སྲང་ཆིག་སྟོང་སུམ་བརྒྱ་ཉེར་གཅིག་ལྷག་ཙམ། དགུ་ཚན། བརྒྱད་ཚན་རེ། བདུན་ཚན་བཅུ། ལྔ་ཚན་སོ་གསུམ། གསུམ་ཚན་ཉིས་བརྒྱ་བཅུ་གཅིག སྣམ་བུ་བརྒྱ་གོ་ལྔ། ཁ་བཏགས་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་རྒལ་ཙམ། མར་ཁལ་བརྒྱ་དོན་བརྒྱད་ལྷག་ཙམ། གསེར་ཞོ་བརྒྱ་དོན་དྲུག་སོགས་སོང་འདུག
སྤུར་རུས་བཏུལ་ཟིན་ནས་གདུང་ཚར་མཆོད་དགུ་མ་འབུམ་ཐེར་གཙུག་ཏོར་དྲི་མེད་སྙིང་པོ་ཅན་དང། བླ་མ་ཡི་དམ་ཆོས་སྲུང་ནོར་ལྷའི་སྐུ་ཁྲི་ཕྲག་རྒལ་ཙམ་འགྲུབ་རེའི་མཆོད་དགུ་མ་འབུམ་ཆོས་གྲྭ་ལྷོའི་དགེ་འདུན་རེས་སྐོར་གྱི་འཁུར་བཞེས། འགོ་པ་སྡེ་ཆུང་པ་བཀྲ་ཤིས་འོད་ཟེར་གྱིས་བགྱིས་ཏེ་ཐོག་མར་ཚོམས་དམར་དང། དེ་ནས་ལྷ་ཆེན་མཐིལ་གཡབ་ཤར་དུ་ཚུགས། ཡང་གྲོ་བཞིན་ཚེས་བཞི་ནས་མཐིལ་གཡབ་ལྷོ་སོགས་སུ་བདེ་ཀྱཻ་གསང་གསུམ་བདག་མེད་མ། མཁའ་སྤྱོད་མ། ཀུན་རིག ཚེ་དཔག་རྣམ་རྒྱལ། བསྟན་པ་སོ་ཆོག་རྣམས་ཞག་བདུན་ཚུགས་པར་མཆོད་པ་བསྙེན་བཀུར་ཡོན་བཅས་བཟང་བ། ངེད་རང་ནས་ཞེ་དགུའི་ཀྱཻ་རྡོར་སྒྲུབ་མཆོད་གྲོལ་ཉེ་ཡིན་པས་སྐབས་ཤིག་ནུ་བོ་དེ་རྨི་ལམ་དུ་ནད་མེད་སྔར་གྱི་རང་ཆས་སུ་ཤར་བར་ངེང་རང་ནས་རང་བཞིན་འཕྲོས་གཏམ་ལབ་མུར། དེང་སང་འོ་བརྒྱལ་མི་འདུག་གམ་ཞེས་དྲིས་སོང་བས་སྐྱོན་ཅི་ཡང་མི་འདུག་ཞེ་དགུ་ཐིམ་དུས་གུར་མགོན་