R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༧
[A:༧༧༧]གནས་འབྲིང་པོ་བརྒྱ་ཁ་ཡར། ས་ཡོས་དཔྱིད་ནས་གསེར་སྐུ་རྡོ་རྗེ་འཆང་གི་བཟོ་གྲྭ་ཚུགས། རྟ་ཟླའི་ཉིས་བརྩེགས་ཀྱི་སྔོན་མའི་བཅུ་བདུན་ལ་སྡེ་དགེར་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གཤེགས། དེ་སྐབས་སྔ་དྲོ་ཉི་དྲོས་ཙམ་ལ་ས་སྐྱའི་ནམ་མཁའ་མཐོངས་གང་ཐམས་ཅད་སྤྲིན་ཁ་དོག་ལྔ་ལྡན་སྔར་མཐོང་མ་མྱོང་བས་གང་། ཕྱི་མའི་བཅོ་བརྒྱད་ལ་ངེད་རང་གི་ལྕམ་སྔོན་མ་འདས་པ་སོགས་སྡུག་བསྔལ་ཀུན་སྤུང། དེའི་དབྱར་ལྕམ་ཕྱི་མ་ལེན་རྒྱུའི་རིམ་གྲོ་སོགས་བགྱིས། དེ་ཙམ་ནས་བཟུང་གོང་གི་ཤིང་འབུམ་ལ་གསེར་དངུལ་ཕྲ་བརྒྱན་གོས་ཡུག་སྐོན་སོགས་གྲུབ་ཅིང་། གསེར་སྐུ་རྡོ་རྗེ་འཆང་གི་བཟོ་ཚུགས་པ་ཁྲུམ་ཟླའི་སྟོད་ཙམ་ལ་འདྲིལ་བས་གཟུངས་བཞུགས་ཀྱི་གཙོ་བོ་གུར་རུ་རིན་པོ་ཆེའི་སྐུ་ཚབ་གཏེར་ལྔའི་ནང་ཚན་བྱེ་མ་ཨ་ཀྲོང་གི་སྐུ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་འདྲེས་ཤིང་ཕྱག་ནས་མ་རིང་བསྲེལ་འབྱོན་བཞིན་པ་སྡེ་སྲིད་གཙང་པའི་ནང་རྟེན་གྲས་འཇམ་དབྱངས་བསོད་ནམས་དབང་པོའི་ཕྱག་བབས་དེ་དང་། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོའི་བཞེང་བར་མཛད་པའི་ས་འཇམ་ཞལ་སྤྲོད་ས་ཆེན་གྱི་ཕྱག་ནས་བརྒྱ་ཚར་དང་རྗེ་བཙུན་སྐུ་མཆེད་ཀྱི་ཕྱག་ནས་དང་ཐུགས་དམ་རྟེན་བྱིན་ཅན། སྔོན་གྱི་བླ་མ་ཁ་ཤས་ཀྱི་མངོན་རྟོགས་མུས་སྲད་པས་འདྲི་བར་མཛད་པ་དེའང་འདི་ལ་