R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༨
[A:༧༧༨]གཟིགས་ནས་ཡིན་འདུག་པས་དེ་ལྟའི་བྲིས་དེ་གོང་གཤམ་ཞལ་ཁེབས་བཅས་བཞེངས་སྟབས་ནར་མོར་སྒྲིལ་བ་སྲོག་ཤིང་དང་ལྷན་ཅིག་སངས་རྒྱས་ཀྱི་འཕེལ་གདུང་ལྔ་རྣམས་ཀྱི་ཐོག་དྲང་རིང་བསྲེལ་རྣམ་བཞི་གྲངས་མང་ཉུང་ཙམ་མ་གཏོགས་མཆོད་སྡོང་ཉིད་དང་ཆ་འདྲ་བཞུགས་པར་རབ་གནས་ཚར་ཁ་ཤས་བགྱིས་ཏེ། བུམ་སྒོར་བཞུགས་པ་འདི་ཡང་གདན་ས་ཆེན་པོའི་གདུང་བརྒྱུད་རྒྱུན་མི་ཆད་པ་འབྱུང་བའི་རྟེན་འབྲེལ་དུ་ཟུང་འཇུག་གི་རྣམ་པ་ཅན་དང་ཐར་ཐུག་ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་ཐེག་པའི་འབྲས་བུ་སེམས་ཅན་ཀུན་ལ་སྩོལ་བ་མཚོན་བྱེད་དུ་བཞེངས་ཏེ་ཁྲུམ་ཟླའི་གཟའ་སྐར་དགེ་བ་ནས་བཟུང་འཐོར་ནས་སྒྲུབ་ཅིང་ངེད་རང་གི་རྡོ་རྗེ་སློབ་དཔོན་དང་མཁན་ཆེན་བདེ་ཆེན་གླིང་པ་ཚོགས་ཡོངས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་ཆོག་དང་རྗེས་འབྲེལ་རབ་གནས་ཞག་བདུན་མ་རྒྱས་པའི་སྦྱིན་སྲེག་འོ་ཐོག་སྒྲུབ་པ་རྣམ་ལྔའི་མཆོད་པ་གཙུག་ལག་ཁང་རྣམས་སུ་འབུལ་བ་དགེ་འདུན་བསྙེན་བཀུར་མཆོད་ཕྲེང་ཕྱི་སྐོར་མེ་ཏོག་འཐོར་བ་ཕན་སྐུ་ཞལ་དབྱེ། སྟོན་མོའི་ཐོག་སྤྱི་སྒེར་ལེགས་སྐྱེས་ལེན་པ། བཟོ་པར་སྟེར་ཆ། ཞལ་སོགས་ཆ་ལག་དང་ཞི་བའི་སྦྱིན་སྲེག མངའ་ཞབས་ལ་འབྲུ་འགྱེད་བཅས་རྒྱས་པར་བསྒྲུབས་པའི་རྟེན་འདི་ཉིད་ལ་མཆོད་པ་དང་བསྙེན་བཀུར་གྱི་ཚུལ་དུ་གསེར་སྐུ་རྡོ་རྗེ་འཆང་ལ་དར་གྱི་ན་བཟའ་དང་། རིན་པོ་ཆེའི་