R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧
[A:༧༧]ཀུན་སྤངས་ཀརྨ་ལྷ་དབང་རྡོ་རྗེ། ཀརྨ་མཐུ་སྟོབས་རྣམ་རྒྱལ། ཀརྨ་བསྟན་སྲུང་དབང་པོ། དཔོན་ས་ཡར་རྒྱབ་མ། རྒྱལ་བུ་ཀརྨ་ཕུན་ཚོགས་རྣམ་རྒྱལ་རྣམས་ཀྱིས་ཡང་ཡང་སྤྱན་དྲངས་ཤིང་འབྱོར་པ་རྒྱ་ཆེན་པོས་མཆོད། ཆོས་ཀྱི་འཁོར་ལོ་བསྐོར་བས་དབུ་བླའི་མཆོག་ཏུ་འཛིན་ཅིང། མཆོད་གཞིས་འགའ་ཞིག་ཀྱང་འབུལ་བར་མཛད་དོ། ། སྐབས་ཤིག་གསེར་མདོག་ཅན་དུ་རྟེན་ཆེན་རབ་གནས་ལ་སྤྱན་དྲངས་ཏེ་བསུ་བ་དང་ཞབས་ཏོག་བླ་མེད་སྒྲུབ་ཅིང། པཎ་ཆེན་རིན་པོ་ཆེའི་ཆོས་ཁྲིའི་སྟེང་ནས་གསུང་ཆོས་དུ་མ་གནང་བ་དང། རབ་གནས་མང་འགྱེད་སོགས་ཀྱི་རེ་འབྲས་བསྩལ། ལྷ་ཁུད། ཞ་ལུ། རི་ཤིང། ཚོང་འདུས། ལྕགས་སྟོད་སོགས་ཀྱིས་ཀྱང་མཆོད་ཅིང་ཆོས་སྦྱིན་མཛད། གདན་སར་ཕེབས་ནས་རྡོ་རྗེ་འཇིགས་བྱེད་དང་ནག་པོ་ཆེན་པོ་ལ་སོགས་པའི་ལྗགས་བསྙེན་མཛད་ཅིང། གཅུང་འཇིག་རྟེན་དབང་ཕྱུག་གིས་གསོལ་བ་བཏབ་ནས་དབྱར་ཆོས་ལ་གོང་མ་ལྔ། ངོར་ཆེན། ས་ལོ་རྣམས་ཀྱི་བཀའ་འབུམ་ལུང་དང། དབང་རྗེས་གནང་དུ་མ་མཛད། གྲ་རྒྱུན་རྣམས་ལ་རབ་བྱུང་བསྙེན་རྫོགས་སོགས་ཡིད་བཞིན་དུ་སྩལ་ཞིང། བར་སྐབས་སུ་བདུད་རྩི་རིལ་སྒྲུབ་འགའ་ཡང་གནང་བར་འཕེལ་ཆེ་ཞིང་དྲིའི་ཕྱོགས་ཀུན་ཁྱབ་པ་སོགས་མཁའ་འགྲོ་མཉེས་པའི་མཚན་