[A:༧༨༢]རོ། །ཞེས་མདོར་བསྟན་དུ་བཀོད་ནས། དེ་ཡང་ཐོག་མའི་དུས་འདི་ཙམ་ནས་ཡིན་ཞེས་ཚད་བཟུང་མེད་པ་ཞིག་ནས་བདག་གི་སེམས་རང་བཞིན་འོད་གསལ་ཤེལ་ཁམས་འདྲ་མོ་དེ་བཟུང་འཛིན་ཁྲུལ་པར་ཨ་འཐས་ཀྱི་ལས་སྣ་ཚོགས་བསགས་པས་ཚོན་ཁ་དོག་དུ་མས་བསྒྱུར་བ་ལྟར་མི་དགེ་བའི་འབྲས་བུ་ངན་སོང་གསུམ་དང་ཁྱད་པར་དམྱར་བར་བསྐལ་པ་དུ་མར་ཐར་མེད་སྡུག་བསྔལ་དྲག་པོ་མྱོང་བ་ཡང་ཚད་མེད། སྐབས་འགར་དགེ་བའི་འབྲས་བུ་མཐོ་རིས་གསུམ་དང་ཁྱད་པར་མི་ཡུལ་དུ་རེས་འགའ་བླ་མ་མཁན་སློབ་རབ་བྱུང་སྔགས་པ་སོགས་སུ་སྐྱེས་ནས་ཆོས་དང་མི་མཐུན་པ་དང་མཐུན་པའང་བྱས། ལ་ལར་རྒྱལ་པོ་དང་དཔོན་སོགས་ཁ་དྲག་དབང་ཆེན་དུ་སྐྱེས་ནས་མི་དགེ་བ་དང་དགེ་བའང་དུ་མ་བྱས། དེ་བཞིན་སྐྱེས་པ་བུད་མེད་རིགས་རུས་མཐོ་མིན་མང་དག་ཏུ་སྐྱེས་ནས་ཕྱུག་པོ་དོན་ལྡན་དོན་མེད་སྣ་ཚོགས་དང་། དབུལ་པོ་སྙོམ་ཆུང་དང་གཤེད་ཅན་རྐུ་ཇག་པའང་བྱས། བུམ་མེད་ཀྱི་ལུས་རྟེན་ཡང་བཟང་ཞན་བྱེད་སྤྱོད་མི་མཚུངས་པ་དང། རེས་འགའ་བཙུན་མ་སྡིག་ཅན་འགའ་རེར་ཆོས་ཚུལ་ལྡན་པ་སོགས་མཐའ་གཅིག་མིིན་པའི་སྐྱེ་བ་བཟོ་ཚུན་རྒྱུད་དུ་འཁོར་ཞིང་འཁོར་བ་ལས་སྐྱེ་བ་འདིའི་སྔོན་མ་འདི་ནས་ཡིན་ཞེས་ཞུ་རྒྱུ་མེད་དེ་ཁ་སང་བྱས་པ་དེ་རིང་མི་དྲན་ན་གཞན་དྲན་པ་ལྟ་ཅི་སྨོས། འོན་ཀྱང་