[A:༧༨༡]ངག་དབང་རིགས་ཐིག་འཁོན་སྟོན་ས་སྐྱ་པ། །ཀུན་མཁྱེན་འགྲོ་རྣམས་དགའ་མཛད་གདུང་རབས་སུ། །བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་ཞེས། །མིང་སྙན་དཔལ་ལྡན་བཟང་པོ་ཐོབ་གྱུར་ཀྱང་། ། འཆད་རྩོད་རྩོམ་གསུམ་མཁས་པའི་ཡོན་ཏན་མེད། །སྒོ་གསུམ་བག་ཡོད་བཙུན་པའི་ཁྱུར་མ་ཚུད། །བསྟན་འགྲོའི་རེ་སྐོང་བཟང་པོའི་གྲས་མ་ཕེར། །ལུགས་གཉིས་བླང་དོར་གསལ་བའི་རྣམ་གཞག་བྲལ། །སྨིན་གྲོལ་ལས་བྱུང་གྲུབ་པའི་སྣེ་མ་ཟིན། །འདོད་ཆགས་ཞེ་སྡང་གཏི་མུག་ནོར་གྱི་ཕྱུག །ང་རྒྱལ་ཕྲག་དོག་གཟི་འོད་འབར་བ་ལ། །བསྟན་འཛིན་བླ་མའི་མིང་གོག་ལས་ཀྱི་ཐོགས། །དེ་ཕྱིར་ཡང་དག་རྟོགས་བརྗོད་བདག་ལ་མེད། འོན་ཀྱང་སྐྱབས་གནས་དམ་པའི་ཐུགས་རྗེ་ཡིས། །དགེ་འབྲས་ད་ལྟའི་དལ་འབྱོར་ལུས་རྟེན་འདི། །འཛམ་གླིང་བསྟན་པའི་བདག་པོའི་གདུང་དུ་སྐྱེས། །སྐྱེས་ཙམ་ཉིད་ནས་འདྲེན་མཆོག་དུ་མ་མཇལ། །མཇལ་བར་མ་ཟད་རྒྱས་ཟབ་གསུང་བཅུད་མྱོང་། །མྱོང་བས་ལྷག་བསམ་དཀར་བ་ཁོ་བོའི་གཤིས། །གཤིས་ལུགས་དེ་ལྟར་ཡིན་ཡང་དད་གཤིན་དཀོར། །དཀོར་རྫས་མི་འཇུ་བཞིན་དུ་དཔའ་ཉམས་བྱེད། བྱེད་པ་འདི་འདྲས་ནམ་ཞིག་ཨ་ཙ་མ། །མ་གྱུར་འགྲོ་ལ་དཀོན་མཆོག་ཐུགས་རྗེས་གཟིགས། །གཟིགས་པ་ཇི་བཞིན་རང་མཚང་འདི་ལྟར་