R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༤
[A:༧༨༤]གྲལ་དང་། རྒྱལ་པོའི་བཞུགས་ཁྲི་སོགས་གོ་ས་གཉན་པོ་རྣམས་འགྲིམ་པ་དང་ཁྱད་མེད་དམ་སྙམ། འོན་ཀྱང་འཁོན་གྱི་གདུང་རབས་དུས་གསུམ་བྱོན་དང་འབྱོན་འགྱུར་གཞན་ནི་སྐྱེས་བུ་དམ་པ་ཕྱག་མཆོད་ཀྱི་གནས་ཡིན་པ་ལ་ཐེ་ཚོམ་ནམ་ཡང་མ་དགོས། ངེད་རང་གི་སྐྱེ་ལུགས་དེ་ལྟར་ཡིན་པ་ད་ལྟའི་ཀུན་སྤྱོད་ཐམས་ཅད་ཀྱི་གཟིགས་པ་འདིའི་ལོས་མཁྱེན། གང་ལྟར་ས་སྐྱ་པའི་གདུང་བརྒྱུད་འབྱོན་དཀར་མོར་ཁོ་བོ་མ་ལགས་དེ་ཉིད་ལ་འཁྲིལ་བས་ཐམས་ཅད་གུ་དོག་སེལ་ཐབས་ནི་བྱུང་འདུག་པས་དེ་དུས་མ་ལགས་དེ་རང་ལ་མནལ་ལྟས་ངོ་མཚར་མང་པོ་བྱུང་ཚུལ་ཤོག་རིལ་རྩེ་རྒྱོང་འདྲ་མོ་འདྲི་བར་མཛད་འདུག་ཀྱང་བདག་ཅག་སྤུན་རྣམས་ལ་བརྩེ་གཟིགས་ཚད་མེད། བཀའ་དྲིན་ཆེ་ཁྱུན་དེའི་རང་མདངས་འགོག་མེད་འགྲིག་འགྲིག་མང་པོ་ཐུགས་བསམ་བཞེས་ནས་འདྲི་བར་མཛད་པ་ཡིན་ནམ། དོན་ལ་བྱུང་བ་གང་ལྟར་ནའང་ལོ་རྒྱུས་དེའི་འགོ་ན་ཆུ་ཡོས་ཆུ་སྟོད་ཟླ་བའི་ཚེས་ལྔའི་མནལ་ལམ་དུ། ས་སྐྱ་ནས་མགྲོན་གཉེར་ཀུན་བཟང་དབང་པོ་ཡིན་ཟེར་བའི་རྒྱལ་ལུ་ཆས་ལ་དར་དམར་ཐོད་ཅན་ཞིག་ནས་གདན་སར་ཡོང་དགོས་ཟེར་བ་ལ། ཅི་ཡིན་གསུངས་པས། རིགས་གསུམ་ལྷ་ཁང་སྐུ་གཉེར་བྱེད་དགོས་ཡིན་འདུག་ཟེར་བས་ཁོ་མོས་མཆོད་གཤོམ་མི་ཤེས་པས་དགོངས་པ་ཞུ་གྲོགས་མཛོད་