R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༥
[A:༧༨༥] གསུངས་པས། དེ་འདྲ་མ་ཟེར་སྔོན་ནས་བསྐོས་པ་ཡིན་པས་དགོངས་པ་ཞུ་རེ་མེད་ཟེར་ཕྱག་མདུད་དམར་ལྗང་དཀར་གསུམ་ཕུལ་བྱུང་བས་གཙུག་ལག་ཁང་དེ་གང་ན་ཡོད་གསུངས་པར་སྒྲོལ་མའི་གཙུག་ལག་ཁང་གི་སྟེང་ན་ཡོད་ཟེར་བ་ཤར་བའི་སང་དེ་གཉེར་ཚང་པ་རྣམ་སྲས་ནས་འགྲོ་མགོན་ཡབ་ཡུམ་རྣམས་ལ་སྲས་མོ་ས་སྐྱར་འབྱོན་དགོས་ཚུལ་ཞུས། ཡང་འབྱོན་གྲབས་སྐབས་མནལ་ལམ་དུ་ཀོ་ཅག་གི་ཇོ་བོ་སྐུ་རྒྱབ་ཟེར་བའི་རི་དེའི་འགྲམ་ཤེར་གླིང་ཟམ་པའི་ཐད་ནས་ནོར་བུ་ཡིན་ཟེར་བའི་རྡོ་རིལ་ཁ་དོག་མི་འདྲ་བ་གསུམ་རྙེད་པས་ཁོ་མོ་འགྲོ་བའི་གཙུག་ལག་ཁང་དེར་འབུལ་རྒྱུ་ཡོང་འདྲ་བསམ་སྐུ་ཕྲག་ཏུ་བསྣམས་པར་ཤར་བས་རིགས་གསུམ་ལྷ་ཁང་སྐུ་གཉེར་མཛད་དགོས་ཟེར་བ་ནི་རྗེ་བཙུན་ས་སྐྱ་པའི་གདུང་རབས་ལ་རིགས་གསུམ་མགོན་པོའི་སྤྲུལ་པ་འབྱོན་པར་སྔོན་གྱི་ཡི་གེ་དུ་མ་ན་བཤད་འདུག་པས་གདུང་རབས་དེ་གྲས་ཁོ་བོ་ཅག་གདུང་གསུམ་ཙམ་སྐྱེད་སྐལ་ཡོད་ཟེར་བ་ཡིན་གྱི་རིགས་གསུམ་སྤྲུལ་པ་འབྱོན་ཟེར་བ་ནི་མིན། དེ་བཞིན་ནོར་བུ་ཁ་དོག་མི་འདྲ་བ་གསུམ་སྙེད་པའང་གདུང་ཚེ་རིང་ཐུང་མི་འདྲ་བ་གསུམ་ཡོང་བའི་བརྡ་ཡིན་འདྲ་བས་གོང་དུ་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་ན་མ་ལགས་དེ་རང་ལ་ལྐོག་གྱུར་རྗེན་གསལ་གྱི་མནལ་ལམ་བྱུང་འདུག་ཞེས་སྨོས་པ་དེ་འདི་ཡིན།