R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༨༦
[A:༧༨༦]དབུས་ནས་བསམ་ཡས་ཆོས་སྐྱོང་དང་ར་སྨད་བསེ་ཁྲབ་ཆོས་སྐྱོང་གི་ལུང་ལས་ཡུལ་དབུས་སུ་མཆོད་རྟེན་ཁང་བརྩེགས་དང་ཇོ་དར་བཙུགས་པས་གདུང་འབྱུང་བར་ལུང་བསྟན་པ་བཞིན་གོང་དཀར་དམ་པ་བློ་གྲོས་དབང་ཕྱུག་གི་ས་དཔྱད་གཟིགས་པས་སྒྲོལ་མ་ལྷ་ཁང་དང་ཇོ་མོ་ཐགས་ར་གཉིས་ཡུལ་དབུས་སུ་འདུག་པས་མཆོད་རྟེན་སྒྲོལ་མ་གཙུག་ལག་ཁང་གི་རྒྱབ་དང་། ཇོ་དར་ཇོ་མོ་ཐགས་རར་བཙུགས་པས་དར་ཤིང་ལས་ཡལ་ག་ཁྲུ་གང་ཙམ་གསུམ་སྐྱེས་སྐད་དང་། ས་སྤྲེ་དབོ་ཟླའི་ནང་མནལ་ལམ་དུ་སྐྱེད་ལྷས་མགོན་ཁང་ཡིན་སྙམ་ཞིག་ན་ཤིང་ལེབ་ལ་བྲམ་གཟུགས་བླ་བརྒྱུད་ཀྱི་མཚན་ཞལ་གྱི་སྔགས་བཅས་འདུག་པ་སྐུ་སྲུང་དུ་བཅང་བ་དང། ཡང་ལོ་དེའི་ས་ག་ཟླ་ནང་གཟུངས་གྲ་ལྔ་ཐུགས་ལས་བཏོན་པ་ཚར་གཉིས་བྱུང་བ་ནི་ཁོ་བོས་འདིའི་རིག་གཏད་ཐོབ་ནས་ས་སྐྱའི་གདུང་སྲིད་མཐའི་བར་དུ་མྱུར་འབྱོན་སྐུ་རིམ་གྲ་ལྔ་སྒྲུབ་མཆོད་ཕྱེད་ཉིས་བརྒྱ་རྒལ་ཙམ་བློ་ཐོག་ནས་བཏོན་པ་དང་གཙོ་མོ་ལྔའི་སྒོམ་བཟླས་རྒྱུན་རིང་རབ་བྱས་ཤིང་འདི་རྣམས་ཀྱིས་ལུགས་སྐུ་ཁྲི་རྒྱབ་ཅན་གཙུག་ལག་ཁང་བཅས་འགྲུབ་པ་དང་པར་སྐུ་གྲངས་མང་འགྲུབ་པའི་མནལ་ལམ་གསལ་པོ་ཡིན་འདུག་པས་རྗེས་སུ་ཡི་རང་ཞིང་འདི་སྐོར་གདན་ས་ཆེན་པོ་འདིར་ངེད་རང་ཤོགས་ཐོན་པར་ཡོད།