[A:༧༩༣]ཞེན་གྱི་སྒོ་ནས་ཕུལ་ཟེར་བ་འདུག་པས་སྙོམ་ཆུང་སྐྱག་པོ་རང་ཅིག་ཡིན་འདུག ཡབ་རྗེ་རྡོ་རྗེ་འཆང་ནས་ཚེ་དབང་བྱབས་ཁྲུས་སོགས་ཡང་ཡང་སྩོལ་ཞིང་ལོ་ངོ་གཉིས་ཐོག་ཙམ་ལ་ཡིན་ནམ་སྨིན་བྱེད་དབང་གི་ཐོག་མ་གསང་འདུས་འཕགས་ལུགས་རས་དཀྱིལ་ནས་བཀའ་དྲིན་སྐྱང་སྟེ་ཆོས་སྐྱོང་གི་རྗེས་གནང་ཡང་ཁ་ཤས་བསྩལ་ཡོད་འདྲ། འོན་ཀྱང་རང་ལུགས་རྒྱུ་དབང་དེ་བླ་མེད་དཀྱིལ་འཁོར་གང་ནས་ཡིན་ཀྱང་རྡུལ་ཚོན་དཀྱིལ་སྟེང་ནས་ཐོབ་དགོས་པས་འོག་ཏུ་འཆད་པ་བཞིན་ནོ། །
དེ་དུས་ཙམ་ལ་ཡིན་ནམ་ངེད་རང་དྲན་པར་བཙུན་མོའི་ཐབས་ཚང་སྒོ་འགག་བྱང་དེ་ནས་ཤར་གཟིགས་ལ་བླ་མ་རབ་བྱུང་བགྲེས་པོ་ཞིག་གི་དབང་གནང་བའི་དྲིལ་ལྕེ་ལ་ལག་པ་ཐམ་པ་ཞིག་དྲན་པས་ཕྱིས་སུ་རྒྱུས་ཡོད་ལ་དྲིས་པར་གོང་དཀར་དམ་པ་དེ་ཉིད་ཡིན་འདུག་ཟེར་ཡང་ཡིན་མིན་མ་ཤེས། བཙུན་མོའི་སྟེང་གི་གཡབ་ཐེབ་ཆག དེའི་ལོགས་བྲིས་ལ་ལྷ་སྐུ་མདོག་ཁྲ་བོ་ཞིག་མཐོང་བ་ཕྱིས་སུ་ཁྱུང་ཁྲ་ཡིན་འདུག ཡང་དེ་དུས་ནུབ་ཕྱོགས་ལ་ལྗག་ཁེབ་ཞིག་ཡོད་པས་དེའི་སྲུབ་ནས་བལྟས་པས་མི་གཟུགས་ཕྲ་རིང་ཁྱོམ་མེ་བ་ལྔ་ཙམ་གར་བྱེད་པ་མཐོང་། གུ་གེ་ཆོས་རྒྱལ་གཡུལ་ཐང་དུ་བཞུགས་དུས་དེ་ཨེ་ཡིན། ཁོ་བོ་ལོ་གཉིས་པ་ལྕགས་ཁྱི་ལོ་དེ་ཧོར་དམག་ཡོང་ངོ་ཡོད་འདུག་ཀྱང་བོད་ཀྱི་སྐུ་རིམ་སྤྱི་སྒེར་