[A:༧༩]གྱི་བར་ལ་གནས་མཆོག་དེ་ཉིད་དུ་མངའ་རིས་དབུས་གཙང་ཁམས་དྭགས་ཀོང་སོགས་ནས་འདུས་པའི་ཚོགས་པ་དགུ་བརྒྱ་ཙམ་ལ་གསུང་ངག་སྨིན་གྲོལ་ཡོངས་རྫོགས་ཚར་རེ་དང། ལོ་རེ་བཞིན་རབ་བྱུང་བསྙེན་རྫོགས་དོན་གཉེར་ཉིས་བརྒྱ་ཙམ་རེའི་མཁན་པོ་དང། ཕུར་དབང་སོགས་དབང་བཀའ་སྒྲུབས་བརྒྱ་རྒྱམ་སོགས་སྤྱི་བཀའ་ཟུར་བཀའི་རྗེས་གནང་དུ་མ། འདུལ་བའི་ལས་ཆོག་གི་ལུང་སོགས་ལུང་གི་ཚོགས་བསམ་གྱིས་མི་ཁྱབ་པས་སོ་སོའི་རེ་བ་སྐོང་ཤིང། འཇིག་རྟེན་གྱི་བྱ་བ་དང་གསུང་འཕྲོས་ཁྱད་པར་ཆགས་སྡང་ཅན་གྱི་གཏམ་ལ་ཐུགས་མི་འཇུག་ཅིང། ཟང་ཟིང་གི་དངོས་པོ་བཟང་ངན་ལ་རྟོག་དཔྱོད་མི་མཛད་པར་ཆོས་མི་གསུང་བའི་དུས་ཐམས་ཅད་དུ་ཐུགས་དམ་དང། ཕྱག་དཔེ་གཟིགས་རྟོག་ཁོ་ན་མཛད་ཅིང། ཁྲིམས་མཐུན་ཚོགས་སྐད་གནང་དགོས་རྣམས་ཀྱང་ཕོག་ཐུག་བྱུང་དྭོགས་གཞན་ལ་གྱིས་གསུང་བ་དང། མཁན་པོས་ཅིས་ཀྱང་གསུང་དགོས་རྣམས་གཞན་གྱི་ཡི་གེར་བྲིས་ནས་ཕུལ་བ་དེ་ལྗགས་ཀློག་ཙམ་ལས་དངོས་སུ་མི་གསུངས་པ་སོགས་སྙོམ་ཆུང་ཆོས་མཐུན་ཁོ་ནའི་མཛད་པས་བསྟན་པ་བསྐྱངས་པས་ཐམས་ཅད་དད་ཅིང། དམ་ཚིག་གི་ཉེས་པ་མེད་པར་གྱུར། ཆོས་གཞིས་འཛིན་སྐྱོང་སོགས་འཇིག་རྟེན་དང་འབྲེལ་བའི་བྱ་བ་རྣམས་དྲུང་ཆེན་བགྲེས་གཞོན་གྱིས་མཛད་དོ། །