R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༨༣
[A:༨༣]ལེནྡྲར་ཕེབས་ཏེ་འདུ་ཁང་གསར་པའི་ལོགས་བྲིས་ཞལ་བཀོད་དང་ལམ་འབྲས་གནང་ཞིང་དགའ་སྟོན་མཛད། དབྱུག་ཟླའི་བཅུ་གཅིག་གཟའ་སྐར་སྦྱོར་བ་བཟང་པོ་ཉིན་སྐུའི་དབོན་རིན་པོ་ཆེ་བྱམས་པ་བསོད་ནམས་ལྷུན་གྲུབ་རོང་སྟོན་ཆེན་པོའི་གདན་སར་མངའ་གསོལ་ནས་ཁུ་དབོན་གཉིས་གས་ཆོས་ཀྱི་བཀའ་དྲིན་འགའ་ཞིག་སྩལ་ཏེ་ཡར་ཕེབས། འབྲུག་ལོའི་དབྱར་དབོན་རིན་པོ་ཆེ་སྐུ་མཆེད་ཀྱིས་གཙོས་འདུས་ཚོགས་ལ་སྒྲུབ་ཐབས་བརྒྱ་རྒྱམ་གྱི་རྗེས་གནང་སྩལ། ངག་དབང་ཆོས་གྲགས་སྤྱན་དྲངས་ཏེ་རྗེ་ཉིད་ལ་བརྟན་བཞུགས་དང་ཚེ་བཀའ་ཕུལ། རྗེ་འདིས་མཁན་ཆེན་དེ་ཉིད་དང་དབོན་རིན་པོ་ཆེ་སྐུ་མཆེད་ལ་རྗེ་བཙུན་སྐུ་མཆེད་དང་འཕགས་པའི་བཀའ་འབུམ་གྱི་ལུང་གནང། མཁན་ཆེན་གྱི་དྲུང་དུ་དབོན་རིན་པོ་ཆེས་ས་པཎ་བཀའ་འབུམ་གྱི་ལུང་སོགས་ཆོས་བཀའ་དུ་མ་གསན། དབོན་རིན་པོ་ཆེ་སྐུ་བགྲེས་པས་ངག་དབང་ཆོས་གྲགས་ལ་ས་ཆེན་གྱི་བཀའ་འབུམ་དང་རྗེ་འདིའི་རྣམ་ཐར་སྙིང་རྗེ་བཟང་པོས་མཛད་པའི་ལུང་གནང་སྟེ་ཕན་ཚུན་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར། རྗེའི་དབོན་མོ་བསོད་ནམས་རྣམ་རྒྱལ་བུ་ཁྲིད་བསམ་འགྲུབ་རྩེའི་མི་དབང་ཆེན་པོའི་ལྕམ་དུ་བཞུགས་པ་དེ་ལ་སྲས་འཁྲུངས་ཏེ་མི་དབང་ཆེན་པོས་བསམ་འགྲུབ་རྩེར་སྤྱན་དྲངས། ཡུམ་སྲས་གཉིས་ལ་དབང་རྗེས་