R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༨༤
[A:༨༤]གནང་བསྲུང་འཁོར་སོགས་མཛད། རྟ་ཟླའི་མཇུག་སྡེ་སྲིད་ཆེན་པོ་རྒྱལ་མཁར་རྩེ་ནས་ཚུར་ཕེབས་ཏེ་སྡེ་སྲིད་ཆེན་པོ་ཉིད་ལ་ཚེ་དབང་བརྒྱ་རྩ་སོགས་བཀའ་ཆོས་བསམ་གྱིས་མི་ཁྱབ་པར་མཛད་ཅིང། ཡབ་སྲས་སྐུ་བསྲུང་ལ་སྐུ་འཁོར་ཉུང་ཤས་དང་བཅས་སྐུ་མཚམས་ལ་བཞུགས། དབོ་ཟླའི་འགོར་རྒྱལ་བ་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་དང། རྗེ་ཞྭ་དམར་བ་དྲུག་པ་གཉིས་ཀ་བསམ་རྩེར་ཕེབས་ཏེ་ཕན་ཚུན་དག་སྣང་ཤིན་ཏུ་ཆེ་བར་མཛད། དེ་ལྟར་ཟླ་བ་དྲུག་བཞུགས་རིང་ལམ་འབྲས་བླ་བརྒྱུད་བྲིས་ཐང་ལ་རབ་གནས་སོགས་བསྟན་འགྲོར་ཕན་པ་དུ་མ་མཛད་ཅིང། མིའི་དབང་པོས་ཞབས་ཏོག་རྒྱ་ཆེར་བཞེས་ནས་ཉིད་ཀྱི་གདན་སར་ཕེབས་ཏེ་ཕུར་སྒྲུབ་ལ་སོགས་མཛོད་དེ་ལྟར་བདག་ཉིད་ཆེན་པོ་འདིས་མཁས་གྲུབ་དམ་པ་རྣམས་ལས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་གསོན་ནས། ཉིད་ཀྱི་ཐུགས་ཉམས་སུ་བཞེས་པ་དང། གཞན་ལ་སྤེལ་བའི་ཚུལ་ནི་གོང་དུ་བཤད་པ་དེ་དག་དང་འདིར་ཡང་ཅུང་ཟད་ཙམ་བསྡོམས་ན་རྒྱུན་གྱི་ཉམས་བཞེས་ཀྱི་རིམ་པར་བིར་བསྲུང་ཕྱི་ནང། ལམ་ཟབ་ཕྱི་ནང། དཔལ་ཀྱཻ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ་དབང་རྒྱས་འབྲིང་དང་བཅས་པ་ལ་ལྗགས་བཟླས་དུ་མ། མཁའ་སྤྱོད་མའི་བསྒོམ་ཟླས། ནག་པོ་ཆེན་པོའི་བསྲུང་འཁོར་ནང་