[A:༨༥]འཁྲིད་ཉམས་ལེན་རྣམས་སྔ་ཐུན་དགོངས་ཐུན་གྱི་ཚུལ་དང། ཕུར་ཆུང་གཏོར་བསྔོ། བསྐང་བ་སོགས་ཆག་མེད་མཛད་ཅིང། སྒྲུབ་མཆོད། དུས་གཏོར། གཏོར་བཟློག་དབང་རྗེས་གནང་ལ་སོགས་པས་དུས་འདའ་བར་མཛད་པའི་གནས་སྐབས་ཐམས་ཅད་དུ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་སྒོ་ནས་སྣོད་བཅུད་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་གཟིགས་པས་བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་བརླབས་པའི་དག་སྣང་དང་མངོན་པར་ཤེས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་གདོན་མི་ཟ་ཡང་སྦས་པའི་བརྟུལ་ཤུགས་ཁོ་ན་གཙོ་བོར་མཛད་ཅིང། ཐུགས་དམ་གྱི་ཚེ་མནལ་ལམ་ལ་ཇི་འདྲ་བྱུང་ཞུས་ཀྱང། ངེད་ལོ་རྟ་ལུག་ཡིན་པས། ལུག་འདི་རྨོངས་པས་རྨི་ལམ་སོགས་ཅི་ཡང་མི་ཤེས་ཕལ་ཆེར་ས་ལུག་རང་ཡིན་པ་འདྲ་གསུང་ཞིང། གཞན་གྱིས་ཉིད་ཀྱི་ཡོན་ཏན་བརྗོད་ཀྱང། དེ་མི་ཟེར་བའི་ཐབས་དབྱིབས་ཀྱི་བཀའ་ཕེབས་པ་དང། གསུང་བརྟག་ཞུ་བ་རྣམས་ལའང། ངས་དེ་འདྲ་མི་ཤེས་ཞེས་ཐག་ཆོད་ཀྱི་བཀའ་ཕེབས་པ་ལས་ཉིས་འགྲོའི་རིགས་གཏན་མི་མཛད་མོད། འོན་ཀྱང་ཤུགས་འབྱུང་དུ་བྱུང་བ་ནི་སྡེ་སྲིད་ཀརྨ་བསྟན་བསྲུང་པ་ཐུགས་དྲན་མེད་དུ་འགྲོ་བ་ལ་གུར་དྲག་གི་དབང་དང། ཁྲོ་བོ་བཅུའི་བསྲུང་འཁོར་གནང་བ་ཙམ་གྱིས་སྐུ་ཁམས་དངས་བ་དང། མཁར་རྩེ་དཔོན་མོ་གདོན་གནོད་ཀྱིས་དྲན་པ་མ་