R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༨༦
[A:༨༦]ཟིན་པ་ལ་གཞན་གྱི་ཐབས་ཞི་དྲག་ཅི་བྱས་ཀྱང་མ་ཕན་པར། རྗེ་འདིས་གུར་དྲག་གི་དབང་གནང་མ་ཐག་ཕན་པ་སོགས་གདོན་གནོད་ཅན་རྣམས་ལ་དབང་ཙམ་གྱིས་ཕན་ཐོགས་པ་ཤིན་ཏུ་མང་བ་དང། དཔལ་གནས་པས་ཁང་པ་ལ་ཕྱག་ནས་ཞུས་པས། ཕྱིས་མེ་གནོད་བྱུང་ཚེ་ཕྱག་ནས་ཀྱི་ས་དང། བཀའ་ཤོག་གདུང་ལ་འབྱར་བ་རྣམས་མ་ཚིག་པ་དང་ཡོས་ལོ་ཐང་སག་ཆུ་རགས་ལ་ཕྱག་ནས་མཛད་པས། དེ་ནས་ཆུ་འགྱུར་ཏེ་སྟོད་དུ་རྫིང་ཆོས་པ་དང། གཞན་ཡང་ཡུལ་ཕྱོགས་མང་པོར་ཆུ་ཡིས་ཁང་པ་སོགས་ལ་གནོད་ཚེ། འདིས་ཕྱག་ནས་གཏོར་བ་ཙམ་གྱིས་འགྱུར་འགྲོ་བ་དང། ཐོལ་བྱུང་དུ་བཀའ་གང་གནང་བཞིན་ངེས་པ་ནི། སྦྲུལ་ལོ་སྡེ་སྲིད་ཀརྨ་ཕུན་ཚོགས་པས་དབུས་སུ་དཔུང་ཆེན་བཏེག་སྐབས་རྩེ་གདོང་ལྷུན་པོ་རྩེའི་གྲོ་བོ་ལུང་དུ་སྙིང་རྗེ་བཟང་པོ་དང་ལྷན་རྒྱས་བཞུགས་སྐབས་ཞིག་ཉི་མ་ཤར་ལྷོད་ཙམ་ལ། རྗེ་འདིས་འན། ད་ལྟ་འཁྲུག་པ་དང་མི་བསད་སྟོབས་ཆེན་བྱེད་ཀྱི་ཡོད་པར་འདུག་གསུངས་པ་ལ་སྙིང་རྗེ་བས་སྐད་ཆ་ཨེ་གསན་ཅི་འདྲ་ཟེར་འདུག་ཞུས་པས། ཨ་ཨ་ངེས་འབྲེལ་མེད་དེ་འདྲ་ཞིག་ལབ་ཤོར་སོང་མེན་མེན་གསུངས། ཕྱིས་སྐད་ཆ་བྱུང་བ་ན་དེ་ཉིན་དུས་ཚོད་དེ་ཙམ་ལ་དབུས་ཀྱི་ཁྱུང་ཚང་བྲག་གི་ལྡེབ་ལ་འཁྲུག་པ་བྱུང་སྟེ་ཐོབ་རྒྱལ་ཕྱོགས་ཀྱི་མི་དུ་མ་རྐྱེན་ལམ་དུ་སོང་བ་དེ་མཁྱེན་པར་འདུག་ཟེར།