[A:༨༩]མཛད། སླར་བསམ་འགྲུབ་རྩེར་ཕེབས་ཏེ་ལྕགས་རྟ་ནག་ཟླའི་ནང་ཀུན་མཁྱེན་ཆོས་རྣམ་པའི་ཐུབ་བསྟན་དུ་སྤྱན་དྲངས་པ་བཞིན་ཕེབས་པར་ཆུ་མིག་མགྲོན་ལྷར་མཁན་ཆེན་ཉིད་ཕེབས་ཏེ་ཐབ་བསུ་མཛད། དགོན་པར་ཕེབས་ཚེ་འདུས་ཚོགས་གི་སེར་ཕྲེང་གིས་བསུས་ཏེ་ཞག་བཅུ་བཞུགས་རིང་མཁན་ཆེན་ཉིད་ལ་འཇིགས་བྱེད་ས་ལུགས་ཀྱི་དབང་སོགས་བཀའ་ཆོས་ཆེ་ཕྲ་དུ་མ་དང། ཚོགས་ཆོས་ཚེ་བཀའ་རྗེས་གནང་སོགས་ཉིན་རེ་བཞིན་གནང་ཞིང་བྱེ་སྤེ་ཤག་སྒང་དུ་སྐྱ་སེར་དུ་མ་ལ་ཁྲོམ་དབང་ཚེ་བཀའི་ཞོར་རྩེ་གདོང་སྤྱི་ཁང་དང་ཁམས་པ་གྲ་ཚང་དུ་སྤྱན་འདྲེན་ཞུས་ཏེ་སྤྱི་སྒོས་འབུལ་བ་ཞབས་ཏོག་ཟབ་ཅིང། མང་ཇ་གནང་སྦྱིན་གྱ་ནོམ་མཛད་ནས་ཚུར་ལམ་བསམ་འགྲུབ་རྩེ་ནས་རྩེ་གདོང་དུ་ཕེབས། ཐར་རྩེའི་དབོན་རིན་པོ་ཆེ་ནམ་མཁའ་སངས་རྒྱས་རྩེ་གདོང་དུ་བྱོན་པར་གློ་བོ་མཁན་ཆེན་གྱི་བཀའ་འབུམ་ལུང་སོགས་སྩལ།
དེ་ནས་བསམ་འགྲུབ་རྩེར་ཕེབས་སྐབས་ས་སྐྱ་ནས་འཇམ་མགོན་ཨ་མེས་ཞབས་ཀྱང་དེར་ཕེབས་ཏེ་མཇལ་འཛོམ་གནང་ཞིང་ཁུ་དབོན་ཕན་ཚུན་ཤིན་ཏུ་དགེས་པར་གྱུར་ཏེ་རྗེ་ཉིད་ཀྱིས་འཇམ་མགོན་ཨ་མེས་ཞབས་ལ་ཚེ་དཔག་ལྷ་དགུ། ཡང་དག་འཇིགས་བྱེད་ས་ལུགས་ཀྱི་དབང་རྣམས་དང། འཇིགས་བྱེད་ཡིག་ཆའི་ལུང། ལམ་སྐོར་ཕྱི་མ་བརྒྱད་ཀྱི་འཁྲིད་དང་བྱིན་རླབས། ཀུན་