[A:༩༣]རྗེས་གནང་མཛད། ངག་དབང་ཆོས་གྲགས་སྤྱན་དྲངས་ཏེ་ཚེ་བཀའ་སོགས་གསན། སྟོན་མཇུག་རྗེ་ཉིད་གཞིས་རྩེར་ཕེབས། ངག་དབང་ཆོས་གྲགས་ཀྱི་ཡུམ་བགྲོས་མོར་གསུང་ཆོས་གནང་མུར་ཡུམ་སྐུ་མ་བདེ་བར་ཇེ་ལོད་དུ་སོང་ཚེ་རྗེ་ཉིད་རྩེ་གདོང་དུ་ཕེབས་ནས་ཞག་བཅུ་སོང་བ་གླང་ལོ་སྨིན་དྲུག་ཉེར་ལྔ་ལ་ཡུམ་དགུང་ལོ་བརྒྱད་ཅུ་གྱ་བདུན་པའི་ཐོག་ཏུ་སྐུ་གཤེགས་རྗེས། རྗེ་ཉིད་ཁུ་དབོན་དང་ངག་དབང་ཆོས་གྲགས་ཀྱི་གདུང་ཆོག་ལམ་སྟོན་སོགས་དགོངས་རྫོགས་དང། དབུས་གཙང་གི་ཆོས་སྡེ་ཆེ་ཕྲ་མཐའ་དག་ལ་མང་འགྱེད་བསྔོ་རྟེན། རྩེ་གདོང་དུ་སེར་འདུ་མང་འགྱེད་དཔག་མེད་མཛད་དེ་གསུང་བསྔོའི་རྒྱས་འདེབས་ཀྱི་སྒོ་ནས་རྒྱལ་ཡུམ་དམ་པའི་དགོངས་པ་ཡོངས་སུ་རྫོགས་པ་མཛད།
རྒྱལ་ཡུམ་དེ་ཉིད་ནི་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་སྟེ། དགུང་ལོ་བདུན་པ་ལ་བྱ་བཟང་དུ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ལ་ཀྱཻ་རྡོར་རྒྱུ་དབང་གསན། བཅོ་ལྔ་མ་ལ་རྩེ་གདོང་དུ་བདག་མོར་བྱོན་ནས་རྗེ་འདི་སོགས་གདུང་སྐུ་མཆེད་གསུམ་འཁྲུངས། མཁས་གྲུབ་དུ་མ་ལས་ཆོས་བསམ་གྱིས་མི་ཁྱབ་པ་གསན། ལུགས་གཉིས་ལ་མཁྱེན་པ་ཆེ་བས་ཡབ་སྲས་རྣམས་ཀྱིས་བཀའ་བཀོད་ལྟར། རྒྱལ་རྩེ་ནས་བཀའ་འགྱུར་ཡོངས་རྫོགས་སྤྱན་དྲངས་ཏེ་རྩེ་གདོང་དུ་སྦྱར་ནས་ལོ་རེ་བཞིན་ཚར་དུ་མ་འདོན་པ་