R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༩༤
[A:༩༤]དང། འདུས་སྡེར་ཞབས་ཏོག་གཟབ་མ་དང་བཅས་རྗེ་བཙུན་རིན་པོ་ཆེའི་སྐུ་བསྟོད་ཡོན་ཏན་རྒྱ་མཚོ། འཇམ་དཔལ་མཚན་བརྗོད། སྒྲོལ་ཤེར་རྣམས་འབུམ་ཐེར་དུ་མ་དང། རྗེ་འདིའི་ཡབ་ཀྱི་དགོངས་རྫོགས་སུ་ལམ་འབྲས་བརྒྱུད་ཐང་བཅུ་བདུན། སྐྱེས་རབས་སོ་བཞི། གནས་བཅུ། རིགས་འཛིན་བླ་བརྒྱུད་རྣམས་ཀྱི་བྲིས་ཐང་མང་པོ་དང། བཀའ་འགྱུར། དངུལ་གདུང། དབོན་དྲུང་སྐུ་གཞོན་གྱི་དགོངས་རྫོགས། ཚེ་དཔག་མེད་ཀྱི་གསེར་སྐུ། དབོན་དྲུང་སྐུ་བགྲེས་ཀྱི་ཞལ་བཀོད་མཛད་པའི་ཕུར་སྒྲུབ་ཀྱི་ཚོགས་རྔ་ཤིན་ཏུ་ལེགས་པ་སུམ་ཅུ་སོ་བགྲངས། འཇམ་དབྱངས་བསོད་ནམས་དབང་པོའི་དགོངས་རྫོགས་གུ་རུ་རིན་པོ་ཆེའི་གསེར་སྐུ་དང། དབང་རྫས་སྐུ་འདྲ་ཆུང་ངུ་དུ་མ། འཇིག་རྟེན་རྒྱ་ཧོར་གྱི་དགོངས་རྫོགས་བཀའ་འགྱུར། དཔག་བསམ་འཁྲི་ཤིང་གི་ཞལ་ཐང། དེའི་གླེགས་བམ་གསར་བཞེངས་རྒྱུན་སྒྲོག་རྗེ་འདིས་སྐུ་རིམ་གསེར་ཟངས་རྣམ་རྒྱལ་མཆོད་རྟེན་མི་ཚད། གུར་གྱི་བྲིས་སྐུ་འཕྱར་དར་ཆེ་བ། ཡི་དམ་ཆོས་སྐྱོང་གི་གཏོར་མགྲོན་ཐང་ཀ་ཆེ་བ་གྲངས་མང། གཙང་སྡེ་སྲིད་ཀྱི་ལྕམ་བསོད་ནམས་རྣམ་རྒྱལ་བུ་ཁྲིད་ཀྱི་དགོངས་རྫོགས་དེ་ཉིད་ཀྱི་སྐུ་རྒྱན་ལ་གཞི་བྱས་བཞེངས་པའི་དངུལ་གདུང་སོགས་སྐུ་གསུང་ཐུགས་རྟེན་མཆོད་ཆ་ཕོན་ཆེན་གསར་བཞེངས་མཛད་སྐབས་རབ་གནས་རྒྱས་པ་དང་