[A:༩༥]བཟོ་བོ་རྣམས་ལ་གླ་ལྟོ་ཡོན་རྫོང་ཕང་མེད་དུ་སྩོལ་བ་ཞིག་གོ། །
ཡང་རྗེ་འདི་ཉིད་ཀྱིས་གསར་བཞེངས་མཛད་པ་ལ། པཎ་ཆེན་ནམ་མཁའ་དཔལ་བཟང་གི་གཟིམས་མལ་སྐུ་འདྲ་གསེར་ཟངས་ཀྱི་མདའ་ཚད་མ། ཤིང་གི་ཁྲི་རྒྱབ་ན་བཟའ་བཅས་དང། དུས་ཐང་ཆེ་བ་རྣམས་ཨེ་ཝཾ་ལམ་འབྲས་ལྷ་ཁང་དུ་བཞུགས་ཤིང། ཉིད་ཀྱི་ཕྱག་ནས་རྒྱུ་ཆ་དང་གཞན་གྱི་ཞལ་འདེབས་བཅས་རྩེ་གདོང་དང་ནཱ་ལེནྡྲའི་འདུ་ཁང་གི་ལོགས་བྲིས་ཡུམ་གྱི་དགོངས་རྫོགས་སྦྱོང་རྒྱུད་ཞིང་ཁམས་མ། མཁའ་སྤྱོད་མ་སོགས་ཀྱི་གསེར་ཐང་རྡོར་ཕྲེང། སྦྱོང་དཀྱིལ། ཀྱཻ་རྡོར་བཀའ་བབས་བཞི། བདེ་གསང། ཀུན་རིག་ཚེ་དཔག་མི་འཁྲུགས། ཡང་ཕུར་འཇིགས་བྱེད་སོགས་ཀྱི་དཀྱིལ་འཁོར་རས་བྲིས་དུ་མ། ལམ་ཟབ་བརྒྱུད་ཐང་གསེར་ཐང་བཅུ་བདུན་དང། དེའི་ཁ་སྐོང་གསེར་ཐང་ལྔ། དཔལ་ས་སྐྱའི་གདུང་བརྒྱུད་རྒྱུན་མི་ཆད་པར་འབྱོན་པའི་རྟེན་འབྲེལ་དུ་གསང་འདུས་འཇམ་རྡོར་བརྒྱུད་རིམ་བཅུ་གཅིག་མགོན་པོའི་བརྒྱུད་རིམ་གསེར་ཐང་བཅུ་བདུན་རྣམས་ལ་གོང་གཤམ་ཞལ་ཁེབས་རྣམས་གོས་དར་ཤིན་ཏུ་བཟང་བ་དང། ཏོག་ངོ་མཚར་ཅན་གྱིས་སྤྲས་པ་ལ་རབ་ཏུ་གནས་པའི་བྱིན་རླབས་ཀྱི་གཟི་འོད་འབར་བར་སྒྲུབ་ཅིང་མཆོད་རྒྱུན་ཤིན་ཏུ་བཟང་བས་བསྙེན་བཀུར།