R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༩༦
[A:༩༦]གཞན་ཡང་ཉིད་ཀྱི་འཕྲིན་ལས་ཀྱི་རྒྱ་དཀར་ནག་དབུས་གཙང་ཁམས་སོགས་ནས་རོལ་སིལ་དྲིལ་གཏིང་ངོ་མཚར་ཅན་དུ་མ་དང། ཐར་རྩེའི་ས་སྐྱ་བཀའ་འབུམ། གཞན་ཡང་ངོར་ཆེན། ཀུན་མཁྱེན། རྗེ་སངས་རིན། གློ་བོ་མཁན་ཆེན། པཎ་ཆེན་ནམ་མཁའ་དཔལ་བཟང་རྣམས་ཀྱི་བཀའ་འབུམ་དང། ལམ་འབྲས་གླེགས་བམ། སྒྲུབ་དཀྱིལ། རྗེས་གནང་གི་པོ་ཏི། མེ་འབར། སྙན་བརྒྱུད་ཁ་སྐོང་གྱི་ལྗང་དུད་གསོལ། ཞལ་རྣམས་ཀྱི་བེ་བུམ་དང། རྗེ་ཉིད་ཀྱི་གསན་ཡིག་སོགས་གསར་བཞེངས་དང་ཕྱག་འབྱོར་པོ་ཏི་ཕོན་ཤིན་ཏུ་ཆེ་བར་བཞུགས་ཤིང། ཟང་ཟིང་གི་དགོས་པོ་ནི་ཆར་གྱི་རྒྱུན་ལྟར་བབས་པས་དེ་དག་ཀྱང་ལོག་འཚོར་མི་འགྱུར་བར་ཡབ་ཀྱི་དགོངས་རྫོགས་བདེ་མཆོག་ནག་པོ་པ། གཅུང་འཇིག་རྟེན་དབང་ཕྱུག་གི་དགོངས་རྫོགས་གསང་འདུས་འཇམ་རྡོར་སྒྲུབ་མཆོད་སོགས་སྔར་ཡོད་དང་གསར་འཛུགས་ཀྱི་སྒྲུབ་མཆོད་དུ་མ་རྣམས་དང། དུས་ཇ། བླ་མཆོད། དུས་གཏོར། གཏོར་བཟློག་རྣམས་གཞིས་སུ་མཛད་པ་དང། འབྲུག་ལོ་ནས་བཟུང་གཞིས་རྩེའི་སེར་འདུ་ལ་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་སྟོང་ཕྲག་དུ་མ་ཚོགས་པ་རྣམས་ལ་མང་ཇ། གྲྭ་ཚང་སོ་སོའི་བླ་མར་བསྔོ་རྟེན་དང། དབུས་གཙང་གི་དགོན་སྡེ་དུ་མར་མང་ཇ་བསྔོ་རྟེན་འབུལ་བ་རྣམས་ལ་ཐིམ་པར་མཛད་ཅིང།