[A:༡༠༥]འབྲེལ་གསན་པའི་ཚུལ་ལ། ལོ་གནས་སེམས་དཔའ་སྤྲུལ་སྐུ། བློ་བཟང་བཤེས་གཉེན་གྲགས་པ་རྣམས་རྒྱལ་བར་གོང་ས་ལྔ་པ་རིན་པོ་ཆེའི་གཟིགས་སྣང་རྒྱ་ཅན་མ་ནས། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང༌། ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་བྱིན་རླབས། བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་ནང་ཚན་དཔལ་ཆེན་ཕུར་པའི་དབང་བཞི་སྒྲོལ་དབང་དང་བཅས་པ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་འཇམ་དཔལ་དབྱངས་ཀྱིས་དངོས་སུ་གནང་བའི་འཇམ་དབྱངས་ཆོས་སྐོར་གྱི་ནང་འཇམ་དབྱངས་དཔའ་གཅིག འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་ནང་སྒྲུབ། འཇམ་དབྱངས་གསང་སྒྲུབ། སྒྲོལ་དཀར་རྒྱ་མཚན་ཅན་མ། མཁའ་སྤྱོད་ནག་མོ་བཅས་ཀྱི་རྗེས་གནང་སོགས་གསན་རྡོར་བྲག་རིག་འཛིན་ཆེན་པོ་ཡང་ཟབ་པདྨ་བཤེས་གཉེན་ལ། འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་དོན་དབང༌། སྨིན་གྲོལ་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་ལས་སང་གླིང་བླ་མ་དགོངས་འདུས། དབང་བཞི་རྒྱས་པ། རབ་ཏུ་སྤྲོས་མེད་དང༌། ཡོངས་སུ་སྤྲོས་མེད་ཀྱི་དབང༌། ཌཱ་ཀི་སྲོག་དབང༌། དོན་དབང་བསྡུས་པ། སྤྱོད་དབང༌། མེ་དབང༌། བཏོར་དབང༌། གླེགས་བམ་དབང༌། དྲེགས་པའི་སྲོག་དབང༌། བློ་འཕེལ་རྗེས་གནང༌། མཁའ་འགྲོ་རིག་ལྔའི་རྗེས་གནང༌། ལས་ཀྱི་མཁའ་འགྲོའི་རྗེས་གནང༌། སྐོང་བཤགས་གནས་སྤར་གྱི་དབང༌། གཅོད་ཀྱི་སྒོས་དབང༌། ལམ་འབྲས་ཨོཾ་རྒྱ་ཅན་གྱི་རིགས་ལྔའི་དབང༌། ཆོག་དབང་གསུམ། བཀའ་སྲུང་རྟ་བདག་རྗེས་གནང༌།