R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༠༦
[A:༡༠༦]ཚེ་དབང་བདུད་རྩི་བུམ་པ། ལས་ཚོགས་པོད་ཆེན་གཅིག་ཙམ་གྱི་ལུང་སོགས་གསན། གཞན་རྒྱལ་བརྔན། གསང་འདུས་བླ་མའི་ལས་བྱང་གི་ལུང༌། ཡང་སྙན་བརྒྱུད་བཤད་མན་ངག་རིན་ཆེན་བཤད་ལུང་སོགས་མང་བར་གསན། བྱམས་པ་ཀུན་དགའ་སངས་རྒྱས་ལ་ཕུར་པའི་དཀྱིལ་ཆོག་ལས་རིམ། ཨ་མེས་ཞབས་ཀྱི་རྣམ་ཐར་དང་སྦྱར་བའི་གསུང་ངག་བརྒྱུད་འདེབས་ཀྱི་ལུང་སོགས་གསན། ཇ་ལུང་མཐུ་སྟོབས་དཔལ་འབྱོར་ལས། སྨིན་གླིང་འཆི་མེད་ཡང་སྙིང་ཀུན་བསྡུས་ཀྱི་དབང༌། ཆོས་དབང་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ཆེན། བྱང་གཏེར་བྱིན་རླབས་དབང་རྒྱས་པ། འཇའ་ཚོན་སྙིང་པོའི་ཚེ་དཔག་མེད་ལྕགས་ཀྱི་ཕོ་བྲང་གི་དབང༌། པདྨ་གླིང་པའི་ཕྱག་རྡོར་དྲེགས་འདུལ་གྱི་དབང་ལས་ཚོགས་པོད་ཀྱི་ལུང་སོགས་གསན། གཞན་ཡང་གོང་མ་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་རྒྱལ་དབང་འཇམ་དཔལ་རྒྱ་མཚོ། དེ་མོ་ནོ་མི་ཧན་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། འོན་རྒྱལ་སྲས་རིན་པོ་ཆེ། བསམ་སྡིང་རྡོ་རྗེ་ཕག་མོ་སོགས་ལས་ཀྱང་ཆོས་འབྲེལ་གསན་ཞིང༌། གཞན་ཡང་གདན་ས་འདི་ཉིད་ཀྱི་ཐུབ་བསྟན་ལྷ་ཆེན་གྱི་མཁན་རིན་པོ་ཆེ་དབང་ཕྱུག་ཕུན་ཚོགས་དང༌། ཀུན་དགའ་ཟླ་འོད་ཟུང༌། རྟ་ནག་ཐུབ་བསྟན་མཁན་པོ་ཚུལ་ཁྲིམས་བཟང་པོ། ཞེ་དགོན་བུམ་འཛིན་རབ་བསྟན་བཟང་པོ། ཀུན་དགའ་ཆོས་འཕེལ། རིན་ཆེན་བཟང་པོ། གཞན་ཡང་ཤར་རི་མངའ་བདག་པ། འབྲི་ཁུང་རིན་པོ་ཆེ། དངོས་གྲུབ་སྡིངས་པ། ཀུན་དགའ་