[A:༡༠༧]དོན་གསལ་སོགས་རིས་མེད་སྐྱེས་ཆེན་དམ་པ་བཅུ་ཕྲག་བཞིར་ཉེར་བའི་ཞབས་པད་བསྟེན་ཏེ། རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་བྱིན་རླབས་བཤད་ཁྲིད་སོགས་གསན་པ་རྒྱ་མཚོའི་ཕ་མཐར་སོན། གངས་ལྗོངས་བླ་ཆེན་གཅིག་ལ་དུས་དེར་འདི་ལས་ལྷག་པ་ལྟ་ཅི་མཉམ་པ་ཙམ་ཡང་མེད་པ་ཡོངས་སུ་གྲུབ་པ་ཡིན་ལ། གསན་པ་དེ་དག་ཀྱང༌། འཇམ་དབྱངས་བླ་མས། ཐོས་པ་དེ་དག་ཐམས་ཅད་ཀྱང༌། །མིང་རྐྱང་ཙམ་དུ་མ་བཞག་གོ །ཞེས་གསུངས་པ་ལྟར་ཉིན་ཞག་ཕྲུགས་རེ་ལ་ཡང༌། སྒོམ་སྒྲུབ་ཉེར་བདུན་ཙམ་མཛད་པ་དང༌། དེ་དག་ཕལ་ཆེ་བ་ཞིག་ནི་སྒོམ་པས་ཐུགས་ཉམས་སུ་བསྟར་ཞིང༌། དེ་ལས་གཞན་རྣམས་ཀྱང་ཉུང་མཐར་ལན་རེ་གཉིས་འཆད་སྤེལ་མ་མཛད་པ་མེད་པར། དེ་ལ་བརྟེན་ནས་སྤྱི་བྱེ་བྲག་གི་བསྟན་པ་འཛིན་ངེས་ཀྱི་སློབ་བུ་མཁས་གྲུབ་དུ་མ་བསྐྲུན་ཚུལ་འོག་ཏུ་འབྱུང་ཞིང༌། ཆོས་ཀྱི་རྣམ་གྲངས་དང་བརྒྱུད་རིམ་སོགས་ཞིབ་ཏུ་ཤེས་པར་འདོད་ན། རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་གསན་ཡིག་རིན་པོ་ཆེ་པོད་ཆེན་གཉིས་ཀྱི་སྟེང་ནས་ཤེས་པར་བྱ་བའི་དབང་དུ་ཞུས་ནས།
གཉིས་པ་རྩོམ་པ་མཛད་པའི་ཚུལ་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པ་འགྱུར། །ཞེས་གསུངས་པ་ལྟར་བརྗོད་དོན་དང་ལྡན་ཞིང་དཔྱད་གསུམ་རྣམ་པར་དག་པའི་བསྟན་བཅོས་ཚར་དུ་