R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༠
[A:༡༡༠]ཆེད་དང་སྦིར་གཏམ་སྣ་ཚོགས་ཀྱིས་བསྟན་པར་གནོད་དོགས་རེ་ཞིག་འབྲུམ་པ་མིན་ཚུལ་ཁོ་ན་གསུང་མུར། ཡུམ་མཆོག་ནས་ཐུགས་སྒྲུབ་ཚེས་བཅུའི་ཆོ་ག་བརྒྱ་ཚར་གྲངས་གསོག་འགྲུབ་ཉེར་རྡོ་རྗེ་ཚེར་མས་བྲོ་ཚལ་སྐབས་བད་རླུང་ཡིན་ཚུལ་གླེང་རྐྱེན་གྱིས་སྤང་བླང་ཇི་བཞིན་པ་ཅི་ཡང་མ་གནང་ཞིང༌། རྔ་རོལ་མེ་ཉེ་སོགས་སྤང་བྱ་བླང་བྱར་མཛད་ཀྱང་ཉམས་ཉེས་སུ་མ་གྱུར་པའི་གྲུབ་རྟགས་འདི་ནི་རྗེ་རྡོ་རྗེ་འཆང་ཉིད་ཀྱིའང་ཆུ་ཡོས་ལོའི་མཛད་པ་འོག་ཏུ་འཆད་རྒྱུ་དང་མཚུངས་པས་ཡུམ་སྲས་ཀྱི་གྲུབ་མཚན་ངོ་མཚར་ཅན་དུ་འཁུམས་སོ། །དེ་ནས་སྐུ་མཆེད་རྣམས་གཟིམ་སྤྱིལ་གསར་པ་ལས་འཕོས་ཏེ་རྗེ་ཉིད་རྩེའི་སྐུ་ཡོན་ཁང་དང༌། ཨ་ལྕེ་དྲུང་སྐུ་མཆེད་གཟིམ་ཤར་རྒྱལ་ཡུམ་དང་ཞལ་རྒྱས་སྐབས་མཆོག་དམན་མཐའ་དག་ཡབ་རྗེ་རྡོ་རྗེ་འཆང་སྐུ་གཅོང་ཆེ་བའི་སྟབས་ད་ལམ་ཅི་འདྲ་ཡོང་ངམ་སྙམ་ཅི་བྱ་གཏོལ་མེད་དུ་གྱུར་པའི་ངང་ནས། རྗེ་ཉིད་ཀྱིས་མཚོན་ཞལ་ངོ་རྣམས་དང་ཕྱག་གཉེར་ཆོས་སྡེ་ལྷོ་བྱང་དྲུང་སེར་སྐྱ་ཆ་ཞབས་ཁམས་དྲུང་སོགས་ནས་རང་རང་གི་འབྱོར་ཚོགས་དང་ཆབས་ཅིག རྟེན་འབྲེལ་གྱི་གནད་དང་ལྡན་པའི་ཞབས་བརྟན་རྡོ་རྗེའི་རེ་ཁཱ་ཅན། སྔོན་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་གང་གི་ཡབ་དཔལ་ཆེན་འོད་པོ་དང༌། བུ་སྟོན་རིན་པོ་ཆེ་གྲུབ་དབང་ཟླ་སེང་ལ་ཕུལ་བ་སོགས་ཀྱི་རྒྱུན་བཟང་དང་ཟང་ཟིང་གི་དངོས་པོ་ཕངས་མེད་དུ་སྤུངས་ཏེ་སྤྱི་དང་བྱེ་བྲག་གི་རིམ་གྲོ་སྒྲུབ་པ་དང༌། ལྷག་པར་མཛོད་འཛིན་ནས་ཞབས་པད་ཡུན་རིང་དུ་བརྟན་པའི་ཞལ་བཞེས་ཞུས་སྐབས། ངོས་ལ་