[A:༡༠༩]ཕྲིན་རྒྱ་ཆེ་བ་ཀུན་གསལ་གྱི་གྲུ་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་ནས་ཆ་ཤས་ཙམ་སྨོས་པ་ནི། རྣམ་ཐར་བསྡུས་པ་ལས། འཆད་ལ་འཇམ་པའི་དབྱངས་ཀྱི་སྤོབས་པ་རྫོགས། །རྩོད་ན་ཕས་རྒོལ་འཇོམས་པའི་གནམ་ལྕགས་ཐོག།།རྩོམ་པ་མཁས་པའི་ཡིད་འཕྲོག་ཐུགས་རྗེའི་གཏེར། །མཁས་པའི་བྱ་བ་གཞོལ་ལ། ཞེས་སོགས་གསུངས་པ་དང༌། ཡང་གང་ཚེ་གདུལ་བྱ་རྗེས་སུ་འཛིན་པའི་ཚེ། །གཟིགས་པ་ཙམ་གྱི་ཚིག་དོན་ཐུགས་ཚུད་དེ། །གསུང་ལམ་ཁོ་ནས་སྐལ་ལྡན་ཉིན་མཚན་ཀུན། །བར་མེད་ཆོས་འཁོར་བསྐོར་ལ། ཞེས་གསུངས་པ་ལྟར། ལྕགས་སྤྲེལ་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གྲུབ་ནས་རིམ་གྱིས། རྗེ་རྡོ་རྗེ་འཆང་གི་བསྟི་གནས་གསར་པ་བྱང་མར་གོང་འཁོད་ཀྱི་ཞལ་ངོ་སོགས་བཀའ་ཆོས་རིན་པོ་ཆེ་ཞུ་མི་རྣམས་ཀྱི་སྟེང༌། ཕྱག་གཉེར་མགྲོན་གཉེར་སོགས་འགའ་ཞིག་འཕར་བའི་ཉི་ཤུ་སྐོར་ལ་ས་ལོའི་ཡིག་སྟེང་ནས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སྩོལ་སྐབས། ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཐོག་སྟེང་ནས་ཅི་འདྲ་བྱུང་འགྲོ་དགོངས་ཏེ་གཟིགས་པས། གྲུབ་འཕྲལ་རྗེ་རྡོ་རྗེ་འཆང་ཉིད་ལ་དེ་ལྟར་གནང་ཚུལ་རྣམས་སྒོ་གང་ས་ནས་ལེགས་པར་འདུག་ཅེས་དབུགས་དབྱུང་གཟེང་བསྟོད་ཀྱང་བསྩལ་ཏོ། །དེ་ནས་རིམ་གྱིས་ལོ་ནང་དེར་འབྲུམ་ནད་དང་འབུར་ཡན་གཉིས་ཆར་བྱུང་སྟེ་བྱིངས་ཀྱིས་དབྱེ་དཀའ་བའི་དོགས་གནས་ཆེ་སྐབས། ཡབ་རྗེ་མཆོག་ཏུ་མཛོད་འཛིན་རྒྱལ་མཚན་རིན་ཆེན་ནས་གནས་ཚུལ་ཡང་ཡང་ཞུ་གནང་གིས་ཕྱིར་ཕེབས་སུ། འབྲུམ་པ་མིན་ཚུལ་ཁོ་ན་བྱོན་པ་ནི། གཞན་ངོ་སྲུང་