[A:༡༡༩]བསུ། བླ་བྲང་ནས་ཟུར་བསོས་རྒྱ་དཔངས་ཆེ་བ། པཎ་ཆེན་རིན་པོ་ཆེ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་མདུན་དུ་མཇལ་དར་རྩེ་སྤྲོད། འབུལ་ནོར་ཕན་ཚུན་འདྲེན་པ་བཞིན་མཛད་ཐོག དྲི་གཙང་ཁང་རྣམས་སུ་མཆོད་འབུལ་རིས་མེད་བསྟན་པ་རྒྱས་པའི་ཐུགས་སྨོན་གྱིས་མཚམས་སྦྱོར། དགེ་འདུན་སུམ་སྟོང་ཙམ་ལ་བསྙེན་བཀུར་སོགས་གྲུབ་ནས་ཆིབས་སྐྱེལ་དང༌། སེར་ཕྲེང་གི་གདན་འདྲེན་བཅས། སེར་ཅན་དགོན་དུ་འགྲོ་དོན་ལ་གཞོལ་བའི་ཚེ་ཟུར་ཁང་སྡེ་པས་ཡབ་ཆོས་དམར་པོ་སྐོར་གྱི་བེའུ་བུམ་པུསྟི་ཀ་གསུམ་ཕུལ་བ་ཕྱིས་སུའང༌། རྗེ་ཉིད་ཀྱི་གསུང་ལས། ངོ་འགྲུལ་ཐོག་མའི་སྐབས་འབྱོར་བའི་བེའུ་བུམ་འདི་དག་ས་སྐྱ་པའི་བསྟན་སྲིད་ལ་རྟེན་འབྲེལ་གྱི་ལ་ཉེ་ཤིན་ཏུ་བཟང་བ་བྱུང་ཚུལ་བཀའ་ཕེབས། དེ་ནས་རིམ་བཞིན་རོང་བརྒྱུད་ཆིབས་བསྒྱུར་གྱིས་ས་དགོན་སོ་སོར་ནས་སེར་ཕྲེང་སོགས་ཀྱིས་ཆིབས་བསུ་སྐྱེལ། དཀར་ཕྱོགས་ལེགས་འབུལ། གནས་རྟེན་རྣམས་ལ་མཆོད་འབུལ། འདུས་ཚོགས་ལ་བསྙེན་བཀུར། སྐྱ་སེར་བགྲང་ཡས་རྣམས་ལ་ཁྲོམ་དབང་སོགས་འགྲོ་དོན་འབྱམས་ཀླས་ལ་ཐུགས་གཞོལ་བཞིན་པར་ཕེབས་ཏེ་ལྷ་ལྡན་དང་ཉེ་བར་སྐྱིད་ཚལ་ཀླུ་ལྡིངས་སུ། གོང་ས་མཆོག་ནས་བསྩལ་བའི་ཆིབས་བསུ་རྩེ་མགྲོན་སོགས་བཅུ་གཉིས་ཙམ་དང༌། ཤོད་ནས་ཀྱང་དེ་བཞིན་གྱིས་སྔོན་བསུ་མཇལ་གུར་དུ་ཕེབས་ཐོག་མི་རྗེ་མཆོག་གིས་འཚམས་ཞུ་མགུལ་དར་སོགས་བསྟར་བཞེས་དང༌། འཆི་མེད་དགའ་ཚལ་བཞུགས་སྒར་དུ་ཕེབས་འཕྲལ་ཡང་དགའ་ལྡན་ཁང་གསར་ནས་མགྲོན་