[A:༡༢༠]གཉེར་ཆེད་མངགས་ཀྱིས་རྩེ་ཤོད་དུ་མཚམས་ཞུའི་ལྷ་དར་སོགས་དང༌། བཀུར་གསོས་བདག་རྐྱེན་བླ་ན་མེད་པ་སྤྱི་སྒོས་ནས་མཆོད་ཡོན་བསྟན་ལ་དགོངས་པའི་གཟིགས་སྐྱོང་བཀའ་དྲིན་ཆེ་ཞིང༌། སྨིན་ཟླའི་ཚེས་གསུམ་ཉིན་གཟིམ་ཆུང་ཉི་འོད་འཁྱིལ་བར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་གི་མཇལ་ཕྱག་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཕྱག་འབུལ་དང་བསྟུན་རྒྱལ་བའི་དབང་པོ་མཆོག་ཀྱང་གསེར་ཁྲིར་སྐུ་བཞེངས་ཀྱིས་ཕྱག་ལན། མཇལ་དར་ཕན་ཚུན་འབུལ་གནང༌། དབུ་ཐུག་སོགས་ཀྱི་དབུགས་དབྱུང་གཟེངས་བསྟོད་དང༌། གསོལ་ཇའི་སྐབས་ཕན་ཚུན་མཉེས་གཤིན་པའི་བཀའ་གསང་རྨད་དུ་བྱུང་བས་དུས་འདས་རྗེས། མགྲོན་ཁང་དུ་དཀར་སྤྲོའི་ཐོག་རྩེ་དྲུང་ཐུགས་དད་ཅན་རྣམས་ཀྱི་རེ་སྐོང་དང༌། ཚེས་དགུར་ལེགས་སྐྱེས་རྟེན་འབྱུང་བསྟར་བ་མཛད་པའི་སྔོན་དུ་འགྲོ་བ་མཎྜལ་གྱི་ཚོམ་བུ། མི་ཤིགས་རྡོ་རྗེའི་རེ་ཁཱ་ཅན་གྱི་བཞུགས་སྟན། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་བཅས་གང་གི་སྤྱན་སྔར་འཁོད་དེ་མཎྜལ་འབུལ་བ། འགྲོ་ལ་བདེ་སྐྱིད་མ་སོགས་ཀྱི་གསོལ་འདེབས། ཞལ་བཞེས་ཞུ་བ་རྣམས་བཀའ་དྲིན་ཆེ་འཕྲལ། འབུལ་ཚན་བཅུ་ཕྲག་ལྔ་དང་ཉག་མ་ལྔས་ལྷག་པས་གཙོས་ཉེར་གཅིག དེ་ཕྱིན་གཙོས་མེད་རྣམས་མཆོད་ཡོན་ཞལ་རྒྱས་ཀྱི་ལེགས་ལམ་བསླུ་མེད་རྟེན་འབྲེལ་གྱི་བདོག་པ་བརྡ་མཚོན་ཙམ་དུ་ཕུལ་བར། རྣམ་ཀུན་དོན་ཡོད་ཀྱི་རྗེས་འཛིན་མཁྱེན་པའི་མཐའ་འདོམས་དང་བཅས་མཛད་སྦྱོར་གྱི་ཐོག ལྷ་ལྡན་གྱི་ཡུལ་གྲུ་མཐའ་དག་འཇའ་དང་སྨུག་པས་གང་ཞིང༌། དགུང་གཡའ་