R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༢༢
[A:༡༢༢]དེ་སྐབས་ཀྱང་གོང་ལྷ་སའི་ལྟས་དང་མཚུངས་པ་བྱུང༌། ཞེས་བླ་གྲྭ་ཀུན་ངོམ་བཞིན་དུ་གླེང་མོ་འཁྲོལ་བར་བྱུང༌། དེ་ནས་ལྷ་ལྡན་དང་དྲུང་འགའ་ཞིག་ལ་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་ཚེ་དབང་སོགས་དང༌། སྤྱི་སྒེར་གྱི་རེ་བ་མཐའ་དག་ཉེ་བར་སྐོང་བར་མཛད། དེ་སྐབས་གོང་མའི་ཏཱ་ཤིང་བཅས་ཇུན་གར་པའི་དགེ་རྩ་བ་འབྱོར་བས་ཏཱ་ཤིང་ཏཱ་ལས་རྩང་ཇུན་སོགས་ལའང་ལེགས་སྐྱེས་བསྟར་བར་མཛོད་པ་བཀས་མངགས་ཤིང༌། རིམ་གྱིས་གོང་ས་མཆོག་ས་སྐྱོང་ཡབ་སྲས་སོགས་ནས་ཕེབས་ཕྱག་བདག་རྐྱེན་བླ་མེད་དུ་བསྩལ་ཏེ། ཉེར་བདུན་ལ་རྩེ་ཤོད་ཕེབས་སྐྱེལ་བ་རྣམས་དང་བཅས་ལྷ་ལྡན་ནས་ཆིབས་བསྒྱུར་གྱིས་ཡེར་པ་དང་ཡེར་ལ་བརྒྱུད་ན་ལེནྡྲ་ཞེས་རྒྱུན་གྱི་དབང་པོར་འབོད་པའི་གནས་སུ་ཕེབས་ཏེ། རྟེན་ཇི་སྙེད་པར་མཆོད་འབུལ་སོགས་དང༌། སྐྱ་སེར་འདུས་ཚོགས་ལ་ཁྲོམ་དབང༌། བཅོ་བརྒྱད་དུ་ཚེ་རྟ་སྦགས་སྒྲུབ་དང་འཇམ་དབྱངས་དམར་སེར་རྗེས་གནང༌། དཔལ་ལྡན་རྩེའི་བདག་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་མ་ཞལ་བཞི་རྡོ་སྐུའི་དྲུང་བན་ཚང་པའི་འཁོར་ཚོགས་དང་བཅས་ནས་གསུང་བསྐང་འཕྲིན་འཆོལ། དེ་སྐབས་སོ་སོས་ལེགས་འབུལ་ཞབས་བརྟན་གྱ་ནོམ་པ་དགྱེས་བཞེས་ཀྱིས་བོད་ལོ་གསར་པའི་དགའ་སྟོན་ཀྱང་གནས་དེར་མཛད་དེ། རྒྱ་ཞོལ། ལ་མོ་ཚོགས་པ། འབུམ་སྟོད་དུ་གསུང་བསྐང་དང༌། བདེ་ཆེན་ཆོས་སྡེ། ཤིང་ཚང༌། དགོན་ཁའམ་རྒོད་འཁལ་ལ་བརྒྱུད་བསམ་ཡས་སུ་ཤར་སྒོ་ཟུར་ཁང་དུ་བཞུགས་ཏེ། བསམ་ཡས་འཆིམས་ཕུ་དང་བཅས་པའི་གནས་རྟེན་