R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༢༡
[A:༡༢༡]དག་པ། ཉི་མའི་འོད་ཟེར་མངོན་པར་འབར་བ། བར་སྣང་ཐམས་ཅད་དུ་མེ་ཏོག་གི་ཆར་པ་བུ་ཡུག་ཏུ་འཚུབ་པ་འདུག ཅེས་ལྷ་ལྡན་སྐྱེ་དགུ་ཕལ་ཆེར་ནས་གླེང་མོར་བསྒྲགས་པར་གྱུར་ཏོ། །གནས་དེའི་ཇོ་ཤཱཀ་རྣམ་གཉིས་ཀྱི་དབུས་འཕྲུལ་སྣང་གནྡྷོ་ལ་ཆེན་པོའི་རྟེན་ཇི་སྙེད་པའི་སྤྱན་སྔར། སྟོང་མཆོད་རྒྱས་འབྲིང་བསྡུས་གསུམ་དེབ་གནང་བཞིན་གྱི་འབྲིང་པོའི་མཆོད་འབུལ་སྙན་ཤལ། རྒྱལ་བསྟན་དེ་འཛིན་རིས་སུ་མ་ཕྱེད་པ་དར་རྒྱས་ཡུན་བརྟན་ཐུགས་སྨོན་གྱི་མཚམས་སྦྱོར་སོགས་དང༌། བཅུ་གཉིས་ལ་མིའི་དབང་པོར་ལེགས་འབུལ་གྱི་སྔ་རོལ་དུ་མི་དབང་ཡབ་སྲས། དཱ་ལས་ཡབ་སྲས་སོགས་དྲག་བསྡུས་རྣམས་ལ་བླ་མ་ཞི་ཁྲོའི་ཚེ་དབང་སོགས་ཐུགས་འདོད་བཞིན་བསྩལ་རྗེས། ལེགས་སྐྱེས་རྣམས་བྲིམ་ཞིང༌། དེ་སྐབས་གདན་ས་ཆེན་པོ་རྩེ་གདོང་རྟེན་བརྟེན་པར་བཅས། རྗེ་རྡོ་རྗེ་འཆངཉིད་ཀྱི་ཕྱག་ཏུ་ནོར་བདག་པོའི་ཚུལ་གྱིས་སོན་པར་གྱུར་ཏོ། །དེ་ནས་ར་མོ་ཆེར་མཆོད་འབུལ་སོགས་གོང་བཞིན་དང༌། བཅུ་གསུམ་ལ་རི་བོ་གྲུ་འཛིན་དུ་ཆིབས་བསྐྱོད་དེ། ཇོ་བོ་ལོ་ཀེ་ཤཱ་ར། གསེར་གདུང་ཆེན་པོ་རྣམ་གཉིས་ཀྱི་དབུས་རྟེན་ཇི་སྙེད་པར་མཆོད་འབུལ་དང༌། བཅུ་དྲུག་ལ་རྣམ་གསེར་བརྒྱུད་གསང་ནེའུ་ཐོག་ཚོང་ཁང་གསར་བཞེངས་ལ་ཕྱག་ནས། སྒྲོལ་མ་རྩོད་རྒྱལ། རྣམ་སྣང་གངས་ཆེན། གདུང་རྟེན་ང་ལོང་མ་སོགས་ལ་མཆོད་འབུལ་རྒྱ་ཆེ། འདུས་སྡེར་བསྙེན་བཀུར། རྣམ་གསེར་དུ་ཁྲོམ་དབང༌། འཇམ་དབྱངས་དམར་སེར་དང་འབྱུང་འདུལ་རྗེས་གནང་སོགས་སྩལསྩོལ་ཞིང༌།